དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས།

    ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བར་གཏམ་བཤད་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བར་གཏམ་བཤད་སྤེལ་ཞིང་། ནང་དོན་ཆ་ཚང་གཤམ་གསལ་ཏེ།

    2024ལོ་ནི་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་རེད། ཟླ་1ཚེས་1ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཀྲེན་རྣམ་གཉིས་ཀྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་པ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་དང་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་རེད། ལོ་45ཡི་རིང་ཀྲུང་ཨའི་འབྲེལ་བར་བར་ཆད་མང་པོ་ཕྲད་རུང་འབད་འབུངས་མདུན་སྐྱོད་བྱས་ཡོད། རྒྱལ་ཁབ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་1979ལོའི་ཨ་སྒོར་དུང་ཕྱུར་25ཡང་ཟིན་མེད་པ་ནས་2022ལོའི་ཨ་སྒོར་དུང་ཕྱུར་7600ཙམ་བར་འཕར་བ་དང་། ཕྱོགས་གཉིས་པོའི་དབར་མ་དངུལ་འཇོག་ཚད་ཧ་ལམ་ཀླད་ཀོར་ཙམ་ནས་ཨ་སྒོར་དུང་ཕྱུར་2600ལྷག་ཙམ་བར་འཕར་བ། མཛའ་གྲོགས་ཞིང་ཆེན་དང་ཀྲོའུ་དང་མཛའ་གྲོགས་གྲོང་ཁྱེར་ཆ་284ཙམ་བར་མང་དུ་ཕྱིན་ཡོད། ཀྲུང་གོ་དང་ཨ་རིས་ད་དུང་རྒྱལ་སྤྱིའི་ས་ཁུལ་གྱི་གླེང་མང་བ་དང་གོ་ལ་ཧྲིལ་པོའི་གནད་དོན་མང་པོའི་ཐད་དགེ་མཚན་ལྡན་པའི་མཉམ་ལས་བྱས་ཡོད། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་པ་མ་ཟད། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལའང་སྐུལ་མ་ཐེབས་པ་ལོ་རྒྱུས་ཀྱིས་ར་འཕྲོད་བྱས་ཡོད།

    ཀྲུང་གོས་ཨ་རིར་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན་པ་སྟེ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་རེད། དེ་ནི་ཀྲུང་ཨའི་འབྲེལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནས་བྱུང་བའི་ཉམས་མྱོང་ཞིག་རེད་ལ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཕན་ཚུན་མཉམ་གནས་ཀྱི་ཐབས་ལམ་ཡང་དག་ཅིག་ཀྱང་ཡིན་ཞིང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གྲུབ་འབྲས་ནི་ཕན་ཚུན་གྱི་གོ་སྐབས་ཤིག་ཡིན་པས། ཕྱོགས་གཉིས་པོས་གཅིག་ལ་གཅིག་རྟེན་གྱིས་གྲུབ་འབྲས་འཐོབ་པར་བྱས་ནས་མཉམ་དུ་འཕེལ་རྒྱས་གཏང་ཆོག་གི་ཡོད།

    ཀྲུང་གོ་ཕྱོགས་ཀྱིས་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཀྲུང་ཨའི་འབྲེལ་བ་འཛུགས་པར་གཞོལ་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཀྲེན་རྣམ་གཉིས་ཅིའུ་ཅིན་ཧྲན་དུ་མཇལ་འཛོམས་གནང་བ་ལས་ཆབ་སྲིད་ཀྱི་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན་དང་དངུལ་རྩ། མི་ཆོས་རིག་གནས་སྤེལ་རེས། གོ་ལ་ཧྲིལ་པོ་བཅོས་སྐྱོང་། དམག་དོན་བདེ་འཇགས་སོགས་ཁྱབ་ཁོངས་སུ་ཐུན་མོང་ངོས་འཛིན་དང་གྲུབ་འབྲས་20ལྷག་ཙམ་ཐོབ་པ་དང་། འབྱུང་འགྱུར་ལ་ཕྱོགས་པའི“ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”བཏོད་ནས་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་རིའི་གཙོ་བདག་ཅིའུ་ཅིན་ཧྲན་དུ་མཇལ་འཛོམས་གནང་ནས་བྱུང་བའི་ཐུན་མོང་ངོས་འཛིན་དང་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་ངོས་འཛིན་ཡང་དག་མཉམ་དུ་འཛུགས་པ་དང་། མི་མཐུན་པའི་ཆར་མཉམ་དུ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་པ། གཉིས་ཁེ་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཉམ་དུ་འཁུར་བ། མི་ཆོས་རིག་གནས་སྤེལ་རེས་ལ་མཉམ་དུ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོར་བདེ་སྐྱིད་སྐྲུན་པ་དང་འཛམ་གླིང་ལ་ཕན་པ་འདོགས་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།