རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་230ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ་ལས་མངོན་པར།
ཟི་ལིང་གི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཨང་115པར་སླེབས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་3ཉིན་གསར་འགོད་པས་ཟི་ལིང(རྒྱལ་ཁབ་རིམ་པ)གི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(གཤམ་དུ“ཟི་ལིང་གསར་སྤེལ་ཁུལ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར། ཚོང་དོན་པུས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་230ཡི་ཕྱོགས་བསྡུས་འཕེལ་རྒྱས་ཆུ་ཚད་ཀྱི་གནས་ཚུལ་ལ་དཔྱད་ཞིབ་གདེང་འཇོག་བྱས་འབྲས་ལས། ཟི་ལིང་གསར་སྤེལ་ཁུལ་ཨང་115པར་སླེབས་ནས་ན་ནིང་ལས་བང་རིམ་21འཕར་བ་རེད།
2023ལོར་ཟི་ལིང་གསར་སྤེལ་ཁུལ་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། ཐོན་ལས་ཀྱི་ནུས་རིམ་མཐོར་གཏོང་། ཚོང་འགུགས་ནུས་པ་ཆེར་གཏོང་སོགས་ཕྱོགས་10ཡི་ཐད་ནས་ཚད་གཞི་མཐོ་པོས་བཟོ་ལས་གླིང་གི་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་བཀོད་སྒྲིག་བྱས་པ་རེད། ཐོན་ལས་ཀྱི་བཀོད་པ་དང་འཕེལ་རྒྱས་ཀྱི་བར་མཐོངས་སོགས་ཀྱི་ཐད་ནས་སྤྱི་འདོམས་ནུས་ཤུགས་བཏོན་ཏེ་ཟི་ལིང་གི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་ཅིག་བཏོད་ཡོད། མ་དངུལ་སྒོར་དུང་ཕྱུར་400བཏང་བའི་འོད་ཤུགས་བཟོ་སྐྲུན་གྱི་གཞི་གཅིག་ཅན་གྱི་རྟེན་གཞི་ཆེན་པོ་སོགས་རྣམ་གྲངས་གལ་ཆེན་21ནང་འདྲེན་བྱས་པ་དང་། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་ལོ་རེར་ཐོན་ཚད་མང་ཤོས་ཏུན་ཁྲི་2.5ཟིན་པའི་ནུས་ཆེའི་ཐཱན་ཚི་སྣའི་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ། འོད་ཤུགས་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་ཁྱོན་ཡོངས་ནས་འབྲེལ་མཐུད་ཐུབ་པ། ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་ཀྱི་སྒུལ་ཤུགས་གློག་རྫས་ཐོན་ནུས་གྲོང་ཁྱེར་སྟོབས་ཆེན་བཅུ་ཡི་གྲལ་དུ་ཚུད་པ། “དུང་ཕྱུར་སྟོང་གསུམ་རིམ་པའི་ཐོན་ལས་ཚོ་འདུས”ཀྱི་གཞི་ཁྱོན་ཕན་འབྲས་དང་། གཅིག་སྡུད་ཕན་འབྲས། སྤུས་རྟགས་ཕན་འབྲས་བཅས་རིམ་བཞིན་མངོན་བཞིན་ཡོད་པ་བཅས་རེད།
ཟི་ལིང་གསར་སྤེལ་ཁུལ་གྱིས་གཙོ་གནད་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་གཏིང་ཤུགས་སྔོག་འདོན་བྱས་ནས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་68སྐྱེད་སྲིང་བྱས་ཤིང་། གླིང་ཁུལ་ནས་ཐོན་སྐྱེད་བྱས་པའི་ཅིང་ཀུའེ་རྒྱུ་ཆ་དང་། ལྷུ་སྒྲིག་གློག་རྫས། ཐཱན་ཚི་སྣ། ས་གདན། ཁུ་ལུ་སོགས་ཀྱི་ཐོན་རྫས་དབྱི་ཐ་ལི་དང་། འཇར་མན། མ་ལེ་ཞི་ཡ། རི་པིན། ཕ་ཁི་སི་ཐན། ཨ་རབ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་ཕྱིར་ཚོང་བྱེད་བཞིན་ཡོད་པ་དང་། “མཚོ་སྔོན་ནས་ཐོན་པ”དང“མཚོ་སྔོན་ནས་བཟོས་པ”རིམ་བཞིན་ཕྱིར་གཏོང་བྱས་ཏེ་འཛམ་གླིང་ས་ཕྱོགས་ཁག་ལ་ཁྱབ་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་གླིང་ཁུལ་གྱི་ཁེ་ལས་གཞིར་བཟུང་ནས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། གསར་སྤེལ་ཁུལ་གྱིས་ཁྱོན་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་19.8བྱས་ནས་33.2%འཕར་ཡོད་པ་རེད།