བཀྲ་ཤིས་ཚེ་རིང་གིས་བརྗོད་དོན།
སེམས་ནུས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡིན།
སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་ལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི“ཕུལ་བྱུང་གི་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ”དང་། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གི“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“བདེ་འཇགས་ཐོན་སྐྱེད་ཀྱི་སྔོན་ཐོན་མི་སྒེར” རྒྱལ་ཁབ་བསྡོམས་རྩིས་ཅུས་ལྷ་ས་བརྟག་དཔྱད་རུ་ཁག་གི“ཕུལ་བྱུང་བརྟག་དཔྱད་པ” 2022ལོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“རིམས་འགོག་གདོང་ལེན་པ་ཡག་ཤོས”སོགས་ཀྱི་མཚན་སྙན་ཐོབ་ཡོད།
བཀྲ་ཤིས་ཚེ་རིང་གི་སྐོར་གླེང་སྐབས་འབྲོག་མ་གྲོང་ཚོའི་ལས་བྱེད་པའམ་ཡང་ན་རྒྱ་ཆེའི་མང་ཚོགས་སུ་ཞིག་ཡིན་རུང་མཐེ་བོང་སྒྲེང་ཞོར། བཀྲ་ཤིས་ཚེ་རིང་གི་ཁྱིམ་ཚང་ཧ་ཅང་འཆམ་པོ་ཡོད། ཁོང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་ཡང་དཔོན་ཉམས་རྩ་བ་ནས་མེད་ལ། གྲོང་ཚོའི་འཕེལ་རྒྱས་ཆེད་བྱ་བཟང་མང་པོ་བསྒྲུབས་ཡོད་ཅེས་བསྟོད་པའི་མེ་ཏོག་སྟོར་བཞིན་ཡོད།
2017ལོར་གནས་ཆུང་ཁྲོམ་གཞུང་གིས་གྲོང་ཚོ་ཁག་ཏུ་ཏང་ཡོན་གཞོན་ནུ་ཁག་གཅིག་བདམས་ཏེ་གྲོང་ཚོ་རིམ་པའི་ལས་བྱེད་པར་གསོ་སྐྱོང་བྱས་ནས་གྲོང་ཚོའི་བྱ་གཞག་ཆེད་སྟོབས་ཤུགས་གསར་པ་བསྣན་ཡོད། དེ་དུས་འབྲོག་མ་གྲོང་ཚོའི་གྲོང་ཚོའི་ལས་བྱེད་པའི་གསོ་སྐྱོང་བྱ་ཡུལ་ཡིན་པའི་བཀྲ་ཤིས་ཚེ་རིང་གིས། འབྲོག་མ་གྲོང་ཚོ་ནི་ངའི་ཕ་ཡུལ་ཡིན་པ་མ་ཟད། ལྷག་པར་དུ་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ངས་ཕ་ཡུལ་གྱི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་ངེས་ཡིན་ཞེས་བརྗོད།
དེ་སྔོན་གྱི་འབྲོག་མ་གྲོང་ཚོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་ལས་མེད། བཀྲ་ཤིས་ཚེ་རིང་གྲོང་ཚོ་དེར་བསླེབས་རྗེས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོས་བསྡུར་དང་འཆར་འགོད་བྱས་ཏེ། འབྲོག་མའི་ཟོག་འགྲེམས་ལྟེ་གནས་དང་། ལུང་ཧྥུའུ་ཞིབ་དཔྱད་ས་ཚིགས། སྟོད་ལུང་ལམ་ཆེན་ཧྲི་ཡོན་ཐོག་ཁང་གི་ཚོང་སྒྱུར་ཁང་པ། གནས་མཆོག་དྲི་ཞིམ་གླིང་ཁ། “ཞང་ཞུང་མེ་ཏོག”སོགས་ཀྱི་ཐོན་ལས་སྔ་རྗེས་སུ་འཕེལ་རྒྱས་བཏང་བས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ལ་ཐོན་ལས་ལས་ཡོང་འབབ་བྱུང་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་ལོའི་ཡོང་འབབ་2017ལོའི་སྒོར་ཁྲི་400ལྷག་ཙམ་ནས་ད་ཆའི་སྒོར་ཁྲི་1000ལྷག་ཙམ་བར་འཕར་ཡོད།
བཀྲ་ཤིས་ཚེ་རིང་གིས། སླད་ཕྱིན། ང་ཚོས་མུ་མཐུད་དེ“ཞང་ཞུང་མེ་ཏོག”སྐྱེ་ཁམས་ཡུལ་སྐོར་རིག་གནས་ཐོན་ལས་གླིང་ལ་བརྟེན་ནས་གླིང་ཁུལ་གྱིས་མང་ཚོགས་ཚོར་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་པ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་མངོན་འགྱུར་ཐུབ་པ་བྱས་ཏེ། ཚང་མ་འབྱོར་འབྲིང་ལམ་བུར་སྐྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།
ལོ་མང་པོའི་རིང་། བཀྲ་ཤིས་ཚེ་རིང་གིས་རྩ་འཛུགས་ཀྱི་མངག་བཅོལ་ཟབ་མོ་ཡིད་ལ་བཅངས་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་མང་ཚོགས་ཀྱི་དཀའ་ངལ་བསལ་བར་མང་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་གང་ལེགས་ཐོབ་ཡོད། དེ་དང་ཆབས་ཅིག ཁོང་གིས་གྲོང་ཚོའི“ཨུ་ལྷན་གཉིས” དང་མཐུན་སྒྲིལ་དམ་ཟབ་ཀྱིས་བྱ་སྤྱོད་དངོས་ནས་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བས། གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་བྱུང་ཡོད། བཀྲ་ཤིས་ཚེ་རིང་གི་བུ་བསྟན་འཛིན་དབང་འདུས་ཀྱིས། ང་ནར་སོན་རྗེས་དམག་མི་ཞིག་བྱེད་འདོད། ངས་དཀའ་ངལ་ཡོད་ཚད་འཛུམ་གྱིས་བསུ་མཁན་གྱི་པ་ཕ་ལྟ་བུའི་ཕོ་ཁྱོ་ག་ཞིག་བྱས་ནས་མི་དེ་བས་མང་བར་རོགས་རམ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།