དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་བྱ་གསོ་ཚགས་ཐོན་ལས་ཀྱིས། ཕྱུག་འགྱུར་ལམ་བུ་ཡངས་པོར་བཤངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-05

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཁྱད་ལྡན་བོད་བྱ་གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་བ་དེ“ཐོན་ལས་དང་པོ་ལེགས་སུ་གཏོང་བ”དང་། ཞིང་འབྲོག་ལས་ཀྱི་སྤུས་ཚད་ལེགས་སུ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་བྱས་པ་མ་ཟད། ཁྲོམ་ར་ཁྲིད་སྟོན་དུ་བྱེད་པ་དང་ཕན་འབྲས་ལྟེ་བར་བྱས་ཏེ། “ཐོན་སྐྱེད་དང་། ལག་རྩལ། སྤུས་རྟགས། བྲིན་ཚོང” སོགས་ཀྱི་ལྷུ་ཚིགས་ལ་དམིགས་ནས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་ཡོད།

    ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་ལས་ཁང་གིས་བྱ་གསོའི་ཐབས་ལམ་རྒྱ་ཆེར་བཏང་བ།

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལྡེ་མོ་ཤང་བློ་ལུང་གྲོང་ཚོའི་ལས་བྱེད་པ་ངག་ལེགས་ཆོས་དགས་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་ཏེ་ཏང་ཡོན་ཚོ་ཁྲིད་ནས་བོད་བྱ་གསོ་ཚགས་ར་བར་བྱ་དེར་ལྟོ་སྟེར་བ་དང་། སྒོ་ང་བསྡུ་བ། བྱ་ཚང་ལ་གཙང་སྦྲ་བྱེད་པ་བཅས་ཀྱི་ལས་ལ་བྲེལ་བཞིན་མཆིས།

    “ཁོ་ཚོ་བྱ་གསོའི་ལས་ལ་འཇོན་པོ་ཡོད”དང“ཁོ་ཚོའི་འབད་བརྩོན་འོག་གསོ་ཚགས་ར་བའི་བོད་བྱ་ལོངས་མགྱོགས་པོ་ཡོད”“ས་གནས་དེ་གའི་བོད་སྒོང་གི་བྲོ་བ་ཞིམ་པོ་ཡོད”བློ་ལུང་གྲོང་ཚོས་རང་འགུལ་ངང་ཁྱད་ལྡན་བོད་བྱ་གསོ་ཚགས་ཧུར་ཐག་བྱས་པར་གྲུབ་འབྲས་ངེས་ཅན་ཐོབ་པ་མ་ཟད། མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་པས། ཁོ་ཚོའི་བྱ་གསོའི་ཐོན་ལས་ལ་མང་ཚོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད།

    བློ་ལུང་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལྡེ་མོ་ཤང་གི་གྲོང་ཚོ་ཞིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཙམ་ཟིན་ཁར། ལུང་ཁུག་ཡིན་པའི་དབང་གིས་ས་གནས་ཀྱི་ཐོན་ཁུངས་འབེལ་པོ་མེད། བློ་ལུང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བློ་ཁོག་ཆེན་པོས་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད། ཁྲོམ་རར་བོད་སྒོང་བྲིན་ཁ་རྒྱུག་པ་ཤེས་པས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 2022ལོར་མ་དངུལ་སྒོར་ཁྲི་70ཟིན་པའི་བོད་བྱ་གསོ་ཚགས་ཀྱི་རྣམ་གྲངས་རེ་འདུན་ཞུས་ནས་ཐོན་ལས་དར་རྒྱས་གཏོང་བའི་འདིང་ཤུགས་ཆེ་རུ་བཏང་ཡོད། 2023ལོའི་ཟླ་4པར་རྣམ་གྲངས་དེ་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། མིག་སྔའི་བར་རིམ་རྩིས་བྱས་ན། བོད་སྒོང་ཁྲི་1ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་བ་དང་ཟླ་རེར་ཆ་སྙོམས་སྒོར་6000ལྷག་ཙམ་གྱི་སྒོ་ང་འཚོང་བཞིན་ཡོད་པར། དྲ་སྦྲེལ་ལས་སྟེགས་ནས་རིམ་རྩིས་བྱས་ན་སྒོ་ང་བཙོངས་ཚད་60%ཟིན་ཡོད།

    མང་ཚོགས་བོད་བྱའི་གསོ་ཚགས་ཐོན་ལས་ལ་ཞུགས་པར་ཁྲིད་སྟོན་དེ་བས་ཡག་པོ་བྱ་ཆེད། བློ་ལུང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གསོ་ཚགས་ར་བས་གཅིག་སྡུད་གསོ་ཚགས་ལ་བརྟེན་ནས་ཞིང་དུད་ཀྱི་ཁ་ཐོར་གསོ་ཚགས་འབབ་འཕར་ལ་སྣེ་ཁྲིད་ཀྱི་འཕེལ་རྒྱས་བྱེད་ཐབས་འཚོལ་ཞིབ་བྱས་པ་མ་ཟད། “532”ཀྱི་བགོ་འགྲེམས་བྱེད་ཐབས་དུས་གཅིག་ཏུ་ལག་ལེན་བསྟར་ནས་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱས་ཡོད།

    སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་བོད་བྱའི་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་བ།

    འཕྲུལ་འཁོར་གྱི་སྒྲ་འུར་འུར་དུ་གྲགས་པའི་བོད་ལྗོངས་ཧུང་ནུང་རིག་ནུས་ཅན་གྱི་བོད་བྱ་ཐོན་ལས་གླིང་གི་འཁོར་ཁང་དུ་སྒོ་ང་རེ་རེ་ཞིབ་བཤེར་ཁུལ་དུ་གཏོང་བཞིན་ཡོད་ཅིང་། བཟོ་པ་ཚོས་ལྟ་ཞིབ་ཞིབ་ཚགས་བྱས་ཏེ་སྒོ་ངའི་སྤུས་ཚད་ལ་འགན་ལེན་བྱེད་བཞིན་འདུག

    བོད་ལྗོངས་ཧུང་ནུང་རིག་ནུས་ཅན་གྱི་བོད་བྱ་ཐོན་ལས་གླིང་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་དུ་གནས་ཤིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་5བཏང་བའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཤིག་རེད། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་གལ་ཆེན་གྱི་ཁོངས་སུ་གཏོགས་པའི་རྣམ་གྲངས་དེ་ནང་འདྲེན་བྱས་རྗེས་ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ཚན་རྩལ་དང་ཁྲོམ་རར་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ་ལེ་ལག་ཚང་བའི་ཐོན་ལས་ཆ་ཚང་བ་དང་ཐོན་ལས་འཁོར་འབྲེལ་གྱི་བྲིན་ཚོང་ཆ་ཚང་བའི་ལྷོ་ཁའི་བོད་བྱའི་ཐོན་ལས་ཚོགས་པ་ཞིག་ཏུ་གྱུར་ཡོད། མིག་སྔར། ཧུང་ནུང་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པར་མ་དངུལ་སྒོར་དུང་ཕྱུར་1.5བཏང་ཞིང་ལས་གྲྭ་60%ལེགས་སྒྲུབ་ཟིན་ཡོད། འགན་འཁུར་བ་ཀྲང་ཧུང་ལིན་གྱིས། 2022ལོར་དུས་ཐེངས་དང་པོའི་རྣམ་གྲངས་བདེ་བླག་ངང་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། 2023ལོའི་ལོ་སྟོད་དུ་ལག་ཡོད་བྱ་མོ་ཁྲི་75ཟིན་པ་དང་། ཉིན་རེར་ཆ་སྙོམས་སྒོ་ང་ཁྲི་50གཏོང་བཞིན་ཡོད་པར་སྒོ་ང་གཏོང་ཚད་95.6%ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཚན་རྩལ་འདེགས་སྐྱོར་དེ་བོད་བྱའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་བབ་གལ་ཆེན་དུ་བཞག་སྟེ། བོད་སྐྱོར་ལས་དོན་རུ་ཁག་གི་ཐོན་ཁུངས་ལ་བརྟེན་ནས་ཧྭ་ཀྲུང་ཞིང་ལས་སློབ་ཆེན་དང་ཧུའུ་པེ་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་འབྲེལ་བ་ཧུར་ཐག་བྱས་ནས། ཐུན་མོང་ཐོག “ལྷོ་ཁའི་བོད་བྱའི་ཐོན་ལས་ཞིབ་འཇུག་ཁང”བསྐྲུན་པར་སྐུལ་འདེད་བཏང་བ་དང་། ཐོན་ཁུངས་སྲུང་སྐྱོང་དང་། རྒྱུད་བཟང་འདེམས་གསོ། ནད་ཡམས་འགོག་བཅོས། སྲོག་ཆགས་ཀྱི་འཚོ་བཅུད། ཐོན་རྫས་ལས་སྣོན་ཞིབ་ཚགས་སོགས་ས་མཐོའི་བོད་བྱའི་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་20ལྷག་ཙམ་ལ་ཆེད་དོན་ཞིབ་འཇུག་བྱས་ནས་ལག་རྩལ་གྱི་འདེགས་སྐྱོར་བརྒྱུད་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་ཡོད།

    གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བསམ་ཡས་སྡེ་ཁུལ་གྱི་རིན་ཆེན་ཆོས་སྒྲོན་གྱིས་ས་གནས་དེ་གར་བོད་བྱ་གསོ་ཚགས་བྱས་ནས་ལོ་བཅུ་ལྷག་ཙམ་སོང་ཡོད། ཁོང་གིས། ང་ཚོའི་མཉམ་ལས་ཁང་གི་བོད་བྱའི་ཐོན་རྫས་ཀྱིས་ས་གནས་དེ་གའི་སློབ་གྲྭའི་ཟ་ཁང་གི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ལྷ་སའི་ཚལ་ཁྲོམ་ཆེ་གྲས་ཁག་ཏུའང་འཚོང་གི་ཡོད་ཅེས་བརྗོད། ལོ་མང་རིང་། ཁོང་དང་བཟའ་ཟླ་ལུའོ་ཧུང་ཀེན་གྱིས་ས་གནས་དེ་གའི་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཐོག་མར་རང་ཁྱིམ་དུ་གསོས་པའི་བྱ་དེ་ཁ་ཤས་ལ་བརྟེན་ནས་རང་ཁ་རང་གསོ་ཐུབ་པ་ནས་ད་ཆ་གསོ་ཚགས་མཉམ་ལས་ཁང་བཙུགས་པའི་བར་ལོར་ཡོང་འབབ་སྒོར་ཁྲི་20བྱུང་ཡོད། འཛའ་ཐང་མཐོ་བ་དང་། ཚོང་ལམ་ཡག་པ། བྲིན་ཚད་མང་བ་བཅས་ལས་བོད་བྱ་གསོ་ཚགས་ཐད་ཁོང་ལ་ཡིད་ཆེས་ཀྱིས་བརྟས་ཡོད།

    གཞི་ཁྱོན་གྱི་ཕན་འབྲས་ཐོན་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ།

    “གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་སྣེ་ཁྲིད་དང་ང་ཚོ་ཁོངས་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་མཉམ་ལས་ཁང་གིས་སླར་ཡང་མང་ཚོགས་ལ་ཁེ་སྤོགས་བགོ་བཤའ་བརྒྱབ་པ་དང་། བོད་བྱ་གསོ་ཚགས་ཀྱི་ལས་ཀར་སྔར་བས་ལམ་ལྷོངས་བྱུང་ནས་རྗེ་རོང་གྲོང་ཚོ་སྔར་བས་ཡག་ཏུ་འགྲོ་ངེས་པའི་ཡིད་ཆེས་ཡོད” 2023ལོའི་ཟླ་9པར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རྗེ་རོང་གྲོང་ཚོར་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས་ཤིང་། མཉམ་ལས་ཁང་གིས་མ་རྐང་ནང་ཞུགས་མཁན་དུད་ཚང་48ལ་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་3285བགོས་པ་དང་ཁྱོན་སྒོར་ཁྲི་15.77བགོས་པ་དེ་2020ལོའི་ཁེ་སྤོགས་བསྡོམས་འབོར་དང་བསྡུར་ན་ལྡབ་གཅིག་ལྷག་ཙམ་གྱིས་མང་བ་འཕར་ཡོད་པ་རེད།

    རྗེ་རོང་གྲོང་ཚོའི་བོད་བྱ་གསོ་ཚགས་མཉམ་ལས་ཁང་གི་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་གཏོང་ཆེད། རྗེ་རོང་གྲོང་ཚོས་ལྷ་རྩེ་རྫོང་དང་བཀྲ་ཤིས་སྒང་ཤང་སྲིད་གཞུང་གི་ཞིང་ཕན་སྲིད་ཇུས་ཁག་ལ་བརྟེན་ནས་ཞིང་འབྲོག་པའི་ཁྱད་ལྡན་བོད་བྱ་གསོ་ཚགས་ཐོན་ལས་འཕེལ་རྒྱས་ལ་ལྕག་སྐུལ་དང་ཁྲིད་སྟོན་བྱས་ཏེ། ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། བོད་བྱ་གསོ་ཚགས་མཉམ་ལས་ཁང་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གཉེར་སྐྱོང་ཐུབ་ནས་དཔལ་འབྱོར་གྱི་ཕན་འབྲས་དང་ཉེན་ཁ་འགོག་ནུས་ཆེ་རུ་ཕྱིན་ཡོད། 2020ལོར་མཉམ་སྡེབ་དཔལ་འབྱོར་ལ་ཁེ་སྤོགས་ཐེངས་དང་པོ་ཐོབ་པ་དང་། ལོ་དེར་མ་རྐང་འཇོག་མཁན་མི་རེ་ངོ་རེར་སྒོར་1500བགོ་བཤའ་བརྒྱབ་པར་བོད་བྱ་གསོ་ཚགས་བྱེད་མཁན་ཞིང་འབྲོག་པའི་ཧུར་སེམས་ཤུགས་ཆེན་འཕེལ་ཡོད། མཉམ་ལས་ཁང་གི་ལས་འཛིན་འཇམ་དཔལ་བསྟན་འཛིན་གྱིས། གོམ་སྟབས་རྗེས་མར་མཉམ་ལས་ཁང་གིས་བོད་བྱ་གསོ་ཚགས་ཀྱི་གོང་འོག་ཐོན་ལས་མུ་མཐུད་འཚོལ་ཞིབ་དང་། བོད་བྱ་གསོ་ཚགས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཡངས་པོར་བཤངས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་གི་ཡིན་ཞེས་བརྗོད།

    རྗེ་རོང་གྲོང་ཚོས་བོད་བྱ་གསོ་ཚགས་མཉམ་ལས་ཁང་འཕེལ་རྒྱས་བཏང་བ་ཙམ་མིན་པར། བོད་བྱ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཁྱད་ཆོས་ལྡན་ཤོས་ཀྱི་གསོ་ཚགས་ལས་རིགས་ཀྱི་ཐོན་ལས་སྤུས་རྟགས་ཀྱི་གྲས་ཤིག་ཡིན་པས་ལྗོངས་ཕྱི་ནང་དུ་སྐད་གྲགས་ངེས་ཅན་ཡོད། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད། ལྷ་རྩེ་རྫོང་དེ་ཉིད་སྔ་ས་ནས་གཞིས་རྩེ་གྲོང་ཁྱེར་གྱི་བོད་བྱ་སྐྱེ་འཕེལ་ཁུལ་དང་ལྟེ་བའི་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།