“འཇོན་ཐང་བཞི”ཆེ་རུ་བཏང་ནས“ཨུ་ཡོན་གྱི་ལས་འགན”ཡག་པོ་བསྒྲུབས་པ།
—— བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པས་ཨུ་ཡོན་གྱི་ལས་འགན་སྒྲུབ་པའི་ངར་ཤུགས་འཕེལ་བར་བྱས་པའི་ལས་ཀའི་ལག་ལེན་སྐོར་བཀོད་པ།
ད་ཆ་རང་ལྗོངས་སུ་བོད་དུ་བཞུགས་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་དེ་བཞིན་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། ས་ཁུལ། རྫོང་། ཆུས་བཅས་ཀྱི་སྲིད་གྲོས་ཨུ་ཡོན་ཁྱོན་8053ཡོད། 2023ལོའི་ལོ་འགོར་སྐབས་བརྗེས་ནས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་གསར་པར་ཨུ་ཡོན་440ཡོད་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཨུ་ཡོན་ཕལ་མོ་ཆེ་གསར་དུ་བསྐོ་གཞག་བྱས་པའི་དོན་དངོས་གནས་ཚུལ་ལ་དམིགས་ནས། སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་ངེས་ཤུགས་དང་འཇོན་ཐང་ཆེ་རུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་ལེན་བསྟར་ནས་ངར་ཤུགས་འཕེལ་བ་དང་བློ་གྲོས་སྐྱེས་སུ་འབུལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་ནུས་ཤུགས་རླབས་པོ་ཆེ་གཅིག་ཏུ་སྒྲིལ་བ་དང་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གྲོས་ལ་རྒྱུས་ལོན་དང་། གྲོས་མོལ་ཤེས་པ། སྲིད་དོན་གླེང་མཁས་པ། སྒྲིག་ལམ་ལ་སྲུང་བརྩི། སྒྲིག་ཁྲིམས་ལ་མཐོང་ཆེན། ཀུན་སྤྱོད་ལ་གཙིགས་ཆེན་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ་སྲིད་གྲོས་ཨུ་ཡོན་གྱི་སྣེ་ཁྲིད་ཀྱི་ནུས་པ་དང་། བྱེད་པོའི་ནུས་པ། འཐུས་མིའི་ནུས་པ་བཅས་ལེགས་པར་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་ཕུལ་ཡོད།
ཆབ་སྲིད་ལ་སྟངས་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ནས་ལས་འགན་སྒྲུབ་པའི་ཁ་ཕྱོགས་བརྟན་པོར་འཛིན་པ།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ“རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ”ནི་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། “གྲོས་གཞི་དང་པོའི”ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་པ་མ་ཟད། སྲིད་གྲོས་ཨུ་ཡོན་ཞིག་ལ་མཚོན་ན་དེ་ནི་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་གཞི་རྩ་བརྟན་དུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པར་བརྟེན། སློབ་སྦྱོང་ལས་སྟེགས་ཀྱི་གཞི་རྟེན་སྐྲུན་པ་དང། ཨུ་ཡོན་གྱིས་དཔེ་དེབ་ཀློག་པའི་བྱེད་སྒོ་གཉེར་བ། གསོ་སྦྱོང་ལ་བརྟེན་ནས་ལས་འགན་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ཀྱི་མོས་སེམས་དང་། དགོངས་དོན་གྱི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།
2023ལོ་ནས་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐེངས་32དང་། སྲིད་གྲོས་ཀྱི་འཆད་ཁྲིད་དུས་ཐེངས་11འཚོགས་པར་རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་མི་ཐེངས་490ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་གི་སློབ་གྲྭ་དང་། བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་དང་མཉམ་དུ་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་2གཉེར་བ། སྲིད་གྲོས་ཀྱི་ཨུ་ཡོན་43སྒྲིག་འཛུགས་བྱས་ནས་ཡན་ཨན་སློབ་ཆེན་ལ་སློབ་སྦྱོང་གསོ་སྦྱོང་ལ་བཏང་བ་བཅས་སྲིད་གྲོས་ཨུ་ཡོན་ཚོར་བསམ་བློ་ཆབ་སྲིད་ཐོག་ནས་ལས་འགན་ཡག་པོ་སྒྲུབ་ཏུ་བཅུག་སྟེ་མཉམ་དུ་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་བསམ་བློའི་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།
བརྟག་དཔྱད་ཞིབ་འཇུག་གི་འཇོན་ཐང་ཆེ་རུ་བཏང་ནས་ལས་འགན་སྒྲུབ་པའི“རྨང་གཞི”ཡག་པོ་བཏིང་བ།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཨུ་ཡོན་སྒྲིག་འཛུགས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་ཁར་སྲིད་གྲོས་ཀྱི་ལོ་འཁོར་གྱི་གྲོས་མོལ་འཆར་གཞིའི་བརྟག་དཔྱད་ཞིབ་འཇུག་གི་བརྗོད་གཞི་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་གི་བརྗོད་གཞི་དང་གཅིག་གྱུར་བྱས་ཏེ། ལྟེ་བར་དམིགས་ནས་བརྗོད་གཞི་གནད་འཁེལ་འདེམས་པ་དང་། རང་རྟོགས་ངང་བརྟག་དཔྱད་ཞིབ་འཇུག་སྣ་ཚོགས་བྱེད་པ། གྲུབ་འབྲས་གཞན་སྒྱུར་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།
2023ལོར། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞི་ཚོགས་འདུའི་ཁོངས་མིས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་བཏོན་ནས་སྲིད་གྲོས་ཀྱི་གྲོས་གཞི་8དང་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་གི་བརྗོད་གཞི་12ཧྲག་འདེམས་སྒོས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་བརྟག་དཔྱད་ཞིབ་འཇུག་ཐེངས་51བྱས་པ་དང་། ཨུ་ཡོན་གྱིས“རང་འདེམས་བྱ་སྤྱོད”ཐད་བརྟག་དཔྱད་ཞིབ་འཇུག་གི་བྱེད་སྒོ་སྣ་ཚོགས་ཐེངས་100ལྷག་ཙམ་སྤེལ་ནས་གནད་དོན་ཤེས་རྟོགས་དང་བྱ་ཐབས་བཏོན་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་ཀྱི་ཕྱོགས་ས་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱ་རྒྱུར་དམིགས་སུ་བཀར་ནས་སྐུལ་འདེད་བཏང་བས། བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ནས་ལག་ལེན་ལ་བེད་སྤྱོད་པར་བསྒྱུར་བའི་བརྒྱུད་རིམ་དང་། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་བརྒྱུད་རིམ། འཇོན་ཐང་ཆེ་རུ་གཏོང་བའི་བརྒྱུད་རིམ་བཅས་ལ་འགྱུར་བར་བྱས་ཡོད།
མང་ཚོགས་ལ་འབྲེལ་བ་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ནས་རིགས་ཁོངས་མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱས་པ།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ཤུགས་རྒྱག་སར་དམ་པོར་དམིགས་ཏེ། དམིགས་ཡུལ་གྱི་འདུ་ཤེས་འཛུགས་པ་དང་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས་མང་ཚོགས་ལམ་བུར་བསྐྱོད་ཡོད།
དེ་དང་དུས་མཚུངས། དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས“གནས་འཕྲོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་ཧུར་ཐག་བྱེད་པ”དང་། “དམངས་གཙོའི་གྲོས་མོལ་གྱི་ལེགས་ཆ་འདོན་སྤེལ་དང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ(སྡེ་ཁུལ)ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས”“ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ” “གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ནུས་པ་འཛུགས་སྐྱོང་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་པ”སོགས་ཀྱི་དམངས་འཚོའི་གྲོས་གཞིར་དམིགས་ཏེ། སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་གྲོས་མོལ་དང་གྲོས་འགོ་བཏོན་པས་བརྟག་ཞིབ་སྙན་ཞུ་15དང་། གྲོས་གཞི་10 བསམ་འཆར་དང་གྲོས་འགོ་241བཅས་གྲུབ་ཡོད། དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་གནད་དོན་15གྲོས་བསྡུར་བྱས་ནས་ཐག་གཅོད་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་བྱ་བ་དངོས་15བསྒྲུབས་ཡོད།
ལས་དོན་མཉམ་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་མཐུན་སྒྲིལ་འབད་འཐབ་ཀྱི་ཀུན་སེམས་གཅིག་ཏུ་བསྒྲིལ་བ།
རྩ་འཛུགས་ཀྱི་འགན་སྲུང་དང་། ལས་ཀ་བྱ་ཡུལ། ཨུ་ཡོན་གྱི་གྲུབ་ཚུལ། ལས་ཀའི་གཙོ་གནད་སོགས་ཐད་ཀྱི་བོད་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་རང་བཞིན་ལ་དམིགས་ཏེ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“གྲོགས་པོ་སྒྲིག་པ”དང་“གཏམ་རྒྱུད་བརྗོད་པའི”བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས“འབྲེལ་གཏུག་བཞིའི”ལམ་སྲོལ(ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་གཏུག་དང་། སྲིད་གྲོས་ལས་བྱེད་པས་སྲིད་གྲོས་ཨུ་ཡོན་ལ་འབྲེལ་གཏུག ཨུ་ཡོན་གྱིས་ཨུ་ཡོན་ལ་འབྲེལ་གཏུག ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་མང་ཚོགས་ལ་འབྲེལ་གཏུག)གསར་དུ་བཏོད་དེ“གཅིག་རེ་བཞིའི་རྩོམ་ཡིག”(གྲོས་གཞི་1འབྲི་བ་དང་། སྤྱི་ཚོགས་ཀྱི་གནད་དོན་དང་དམངས་འདོད་ཀྱི་ཆ་འཕྲིན་1འབྲི་བ། ཨུ་ཡོན་གྱི་གཏམ་རྒྱུད་1འབྲི་བ། སློབ་སྦྱོང་གི་མྱོང་ཚོར་1འབྲི་བ)ཡག་པོ་བྲིས་ནས་ཏང་ཡོན་ཨུ་ཡོན་179དང་ཏང་ཕྱིའི་ཨུ་ཡོན་261དབར་གྱི་འབྲེལ་གཏུག་ཁ་གསལ་བཟོས་པ་མ་ཟད། ཏང་ཡོན་ཨུ་ཡོན་དང་ཏང་ཕྱིའི་ཨུ་ཡོན་དབར་དང་། སྲིད་གྲོས་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན་དབར། ཨུ་ཡོན་དང་ཨུ་ཡོན་དབར། ཨུ་ཡོན་དང་རིགས་ཁོངས་མང་ཚོགས་དབར་འབྲེལ་གཏུག་ཆ་འགྲིག་ཁྲི་1800ལྷག་ཙམ་དང་། ཏང་ཡོན་ཀྲུའུ་ཞི་གཞོན་པ་8ཀྱིས་རང་འགུལ་ངང་ཏང་ཕྱིའི་ཨུ་ཡོན་དང་སྙིང་གཏམ་ཤོད་རེས་ཐེངས་100ལྷག་ཙམ། ཆེད་དོན་ཨུ་ཡོན་ལྷན་ཁང་ཡན་ལག་ཏང་ཙུའི་ཁོངས་མིས་སྙིང་གཏམ་ཤོད་རེས་དང་སྤེལ་རེས་ཐེངས་380 ཨུ་ཡོན་ལ་བཅར་འདྲི་དང་འཚམས་འདྲི་ཐེངས་700ལྷག་ཙམ་བཅས་བྱས་པས་ཕན་ཚུན་དབར་གྱི་མཛའ་གཅུགས་དང་ཐུན་མོང་གི་ངོས་འཛིན་སྔར་བས་ཤེས་རྟོགས་དང་ཟབ་ཏུ་ཕྱིན་ཡོད།