མཚོ་སྔོན་གེགས་ཁུལ་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་ཕྱོགས་ཡོངས་ནས་སློབ་ཁང་སློབ་ཁྲིད་སླར་གསོ་བྱུང་བ།
འདི་ནི་ཟླ་1ཚེས་2ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་དིང་གྲོང་རྡལ་ལྟེ་བའི་སློབ་གྲྭ་ནས་པར་བརྒྱབ་པའི་སྟབས་བདེའི་ཁང་པ་ཡིན་པ།
འདི་ནི་ཟླ་1ཚེས་2ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་དིང་གྲོང་རྡལ་ལྟེ་བའི་སློབ་གྲྭར་སློབ་མ་ཚོས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཉན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་2ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཅི་ཧྲི་ཧྲན་ལ་ས་ཡོམ་རིམ་པ་6.2བརྒྱབ་པའི་དབང་གིས་ཤུགས་རྐྱེན་ཐེབས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་། བ་ཡན་ཧུད་རིགས་རང་སྐྱོང་རྫོང་བཅས་ཀྱིས་དེ་སྔའི་སློབ་གྲྭར་སློབ་ཚན་ཡང་བསྐྱར་ཚུགས་པ་དང་། ཁག་བགོས་བཀོད་སྒྲིག སྟབས་བདེའི་ཁང་པ་བཀོད་སྒྲིག་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་གེགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་371གི་སློབ་མ་ཁྲི་12.63ཚང་མར་ཕྱོགས་ཡོངས་ནས་སློབ་ཁང་སློབ་ཁྲིད་སླར་གསོ་བྱུང་བ་རེད།
ཟླ་2ཚེས་8ཉིན་གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་རྫོང་ཀོན་དིང་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་སྐྱོད་སྐབས། སློབ་གྲྭའི་ཐང་ཆེན་དུ་སྟབས་བདེའི་ཁང་པ་28བརྒྱབ་པ་ཡོད་པ་རེ་རེར་རྒྱ་ཁྱོན་སྨི་ངོས་གྲུ་50ལྷག་ཙམ་ཡོད་པ་དང་། དེར་ཤེལ་ཏོག་དང་། དྲོད་ཆས། ནག་པང་། སྒྲོག་ཙེ། རྐུབ་བཀྱག་སོགས་ཀྱི་སྒྲིག་ཆས་ཚང་མ་འཛོམས་ཤིང་། ཁང་པ་དྲོ་ལ་དཀར་ཆའང་དོད་པོ་ཡོད། ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སྟབས་བདེའི་སློབ་ཁང་དུ་སླེབས་སྐབས། རྒྱབ་ཀྱི་གྱང་ལྡེབས་སུ་ཕྲུ་གུ་ཚོས་བྲིས་པའི་ནག་པང་ཚགས་པར་གྱི་ནང་དོན་ལ་ལ་ནི་ས་ཡོམ་ལས་བྲོས་ཐབས་སྐོར་ཡིན་པ་དང་། ལ་ལ་ནི་ཉེ་དུས་ཀྱི་བརྗེད་དཀའ་བའི་དོན་ཡིན་ཞིང་། ད་དུང་ཁོ་ཚོའི་ཐུགས་རྗེ་ཆེ་ཞུ་ཡུལ་ལ་ཕུལ་བའི་སྨོན་ཚིག་ཀྱང་ཡོད་པ་རེད།
ཆུ་ཚོད་དགུ་པ་ཙམ་ལ། ཀོན་དིང་གྲོང་རྡལ་ལྟེ་བའི་སློབ་གྲྭས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོག་རིང་། ཕྲུ་གུ་ཚོས་ཁ་ཉི་མར་ཕྱོགས་ཏེ་གུས་འདུད་ཞུ་བཞིན་དུ་དགེ་སློབ་ཡོངས་ཀྱིས་རྒྱལ་གླུ་བླངས་ཤིང་། “དེ་རིང་ནི་སློབ་འགོ་ཡང་བསྐྱར་ཚུགས་པའི་ཉིན་དང་པོ་རེད། སེམས་ཁམས་ཟུར་ཁྲིད་ཀྱི་སློབ་ཚན་འཚོགས་པ་ཕུད། ང་ཚོས་རོལ་དབྱངས་དང་རི་མོའི་སློབ་ཚན་གསར་པ་བསྣན་ནས་ཕྲུ་གུ་རྣམས་ལོ་གསར་པར་བག་ཡངས་དང་སྤྲོ་སྣང་ལྡན་པའི་ངང་སློབ་ཚན་ཉན་དུ་བཅུག་ཡོད”ཅེས་ཀོན་དིང་གྲོང་རྡལ་ལྟེ་བའི་སློབ་གྲྭའི་སློབ་སྤྱི་ཝང་ཤན་ཀྲེན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་སློབ་གྲྭའི་དམའ་རིམ་སློབ་འབྲིང་གི་སློབ་མ་དག་རྨིན་ཧོ་རྫོང་སློབ་འབྲིང་བཞི་པར་བཀོད་སྒྲིག་དང་། སློབ་ཆུང་གི་སློབ་མ་924དང་དགེ་རྒན་54སློབ་གྲྭའི་སྟབས་བདེའི་སློབ་ཁང་གསར་པར་བཀོད་སྒྲིག་བྱས་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ས་ཡོམ་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་རྫོང་དང་། བ་ཡན་རྫོང་། ཡ་རྫི་རྫོང་བཅས་ལ་གཙོ་བོར་ཤུགས་རྐྱེན་ཐེབས་ནས། རྫོང་གསུམ་གྱི་སློབ་གྲྭ་371གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་12.63གནས་སྐབས་སློབ་མཚམས་འཇོག་དགོས་བྱུང་བ་རེད། འབྲེལ་ཡོད་སྡེ་ཚན་གྱིས་ཆེད་ལས་ཀྱི་གསལ་འབྱེད་དང་ས་གནས་ཀྱིས་སློབ་གྲྭའི་ཉལ་ཁང་ལ་གནོད་འཚེ་ཕོག་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་བརྒྱུད་ཡོམ་ཁུལ་གྱི་སློབ་གྲྭར་མི་ཤི་རྨས་གཅིག་ཀྱང་བྱུང་མེད་པ་རེད།
ཡོམ་ཁུལ་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་འགན་སྲུང་བྱ་ཆེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་མཚོ་ཤར་གྲོང་ཁྱེར་གྱི་སློབ་གྲྭ་སྣ་ཚོགས་ལ་དངོས་ཟོག་གྲབས་གསོག་དང་། མི་བཀོད་སྒྲིག མངོན་མེད་རྐྱེན་ངན་གྲལ་བཤེར། ཆ་རྐྱེན་འགན་སྲུང་སོགས་སློབ་འགོ་ཡང་བསྐྱར་ཚུགས་པ་དང་སློབ་ཚན་སླར་གསོའི་ལས་དོན་ཞིབ་ཕྲ་སྒྲུབ་པར་མཛུབ་ཁྲིད་བྱས་པ་མ་ཟད། ཁོངས་གཏོགས་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་མི་ཕོག་པའི་སློབ་གྲྭ་ཡོད་མེད་བཤེར་ཏེ་དགེ་རྒན་གྱི་དཔུང་ཁག་དང་། སློབ་ཚན་གྱི་འཆར་གཞི། སློབ་ཁྲིད་ཀྱི་མྱུར་ཚད་བཅས་ལ་འགྱུར་ལྡོག་མི་ཡོང་བར་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་སློབ་གྲྭའི་བདེ་འཇགས་དོ་དམ་དང་སློབ་ཁྲིད་མཛུབ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སློབ་ཁྲིད་འཆར་ཅན་བཞིན་ཚད་ལྡན་ཡོང་བ་དང་། སློབ་མར་སེམས་ཁམས་སློབ་གསོ་དང་བདེ་འཇགས་སློབ་གསོ་མུ་མཐུད་ཡག་པོ་བརྒྱབ་ནས་སློབ་ཁང་སློབ་ཁྲིད་ཀྱི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བར་བྱེད་ཀྱི་ཡིན་ཞེས་བཤད།