དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས།

    2023ལོའི་རྒྱལ་སྤྱིའི་ལུས་རྩལ་པ་རྩེ་གྲ་བཅུ་བདམས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-03

    ① མར་ཁེ་སི·ཝེ་སི་ཐ་ཧྥན། (ཧོ་ལན། སྐྱེས་པ། ལོ་26 རླངས་འཁོར་འགྲན་བསྡུར) 2023ལོའི་འགྲན་དུས་ཀྱི་འཛམ་གླིང་གི་རིམ་པ་དང་པོའི་མཉམ་བྱ་རྣམ་པའི་ལེགས་སྐྱེས་འགྲན་བསྡུར(F1)མཇུག་བསྡུའི་ས་ཚིགས་ཀྱི་ཨབ་ཀྲ་པེ་བྱ་དགའ་ཆེན་པོའི་འགྲན་བསྡུར་ལ་གླང་དམར་རུ་ཁག་གི་རུ་མི་ཝེ་སི་ཐ་ཧྥན་གྱིས་ཨང་དང་པོ་བླངས་པ་རེད། དེ་གོང་ཟླ་10པའི་ཁ་ཐར་བྱ་དགའ་ཆེན་པོའི་འགྲན་བསྡུར་ལ་ཁོང་གིས་ལོ་འཁོར་གྱི་རླངས་འཁོར་གཏོང་མཁན་གྱི་ཨང་དང་པོ་སྔ་སྣུར་དུ་བླངས་པ་དང་ལོ་གསུམ་བསྟུད་མར་ཨང་དང་པོ་བླངས་པ་རེད།

    ② ཨའེ་ཐ་ནཱ·པང་མ་ཏི། (སི་ཕེན། བུད་མེད། ལོ་25 རྐང་རྩེད་སྤོ་ལོ) ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་དུ་གཉེར་བའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ལ་སི་ཕེན་རུ་ཁག་གི་པང་མ་ཏིས་རུ་གྲོགས་ཚོ་དང་མཉམ་དུ་སི་ཕེན་གྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་ལོ་རྒྱུས་ཐོག་གི་ཨང་དང་པོ་ཐོག་མར་བླངས་ཤིང་། ཁོང་མི་སྒེར་ལ་སྐབས་འདིའི་འཛམ་གླིང་བུམ་པའི་གསེར་གྱི་སྤོ་ལོའི་བྱ་དགའ་ཐོབ་པ་རེད། ཟླ་10པར་གཉེར་བའི་2023ལོའི་གསེར་གྱི་སྤོ་ལོའི་བྱ་དགའ་སྤྲོད་པའི་མཛད་སྒོར་ཁོང་ལ་བུད་མེད་ཀྱི་གསེར་གྱི་སྤོ་ལོའི་བྱ་དགའ་ཐོབ་པ་རེད།

    ③ ཉི་ཀུ་ལ·གཡོད་ཅི་ཆི། (སར་པི་ཡ། སྐྱེས་པ། ལོ་28 ལན་ཆིའུ་སྤོ་ལོ) 2022ལོ་ནས་2023ལོའི་བར་གྱི་འགྲན་དུས་ཀྱི་ཨ་རིའི་ལས་རིགས་ལན་ཆིའུ་སྤོ་ལོའི(NBA)འགྲན་བསྡུར་ལ་སར་པི་ཡའི་རུ་མི་གཡོད་ཅི་ཆིས་ཏན་ཧྥོ་ཅུའེ་ཅིན་རུ་ཁག་གི་སྣེ་ཁྲིད་དེ་རུ་ཁག་འདི་བཙུགས་ཚུན་གྱི་ལོ་རྒྱུས་ཐོག་གི་ཨང་དང་པོའི་བྱ་དགའི་བུམ་པ་ཐོག་མ་དེ་བླངས་ཤིང་། ཁོང་མི་སྒེར་ཡང་མཐའ་བསྡུར་གྱི་རིན་ཐང་ཆེ་ཤོས་ལྡན་པའི་སྤོ་ལོ་བར(FMVP)བདམས་པ་རེད།

    ④ ཤིས་མོང·པེར་སི། (ཨ་རི། བུད་མེད། ལོ་26 ལུས་རྩེད) ཨ་རིའི་ལུས་རྩེད་ལུས་རྩལ་པ་པེར་སིས་2023ལོར་གྲུབ་འབྲས་མང་པོ་བླངས་ཤིང་། ཟླ་8པའི་ཨ་རིའི་ལེགས་སྐྱེས་འགྲན་བསྡུར་ལ་ཁོང་གིས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བུད་མེད་ཀྱི་ཀུན་ཐུབ་ལུས་རྩེད་ཀྱི་ཨང་དང་པོ་ཐེངས་བརྒྱད་པ་དེ་བླངས་པ་དང་། ཟླ་10པའི་ལུས་རྩེད་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་ཁོང་གིས་ལོ་བཞི་སོང་རྗེས་ཀྱི་ཀུན་ཐུབ་ལུས་རྩེད་ཀྱི་གསེར་གྱི་རྟགས་མ་བསྐྱར་དུ་བླངས་ནས་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཀུན་ཐུབ་ལུས་རྩེད་རྣམ་གྲངས་ཀྱི“ཨང་དང་པོ་དྲུག་ལེན་མཁན”ལ་གྱུར་པ་རེད། ལོ་26ལ་སླེབས་པའི་པེར་སི་ལུས་རྩེད་ལོ་རྒྱུས་ཐོག་ཨོ་རྩལ་ལུས་རྩལ་འགྲན་ཚོགས་དང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་བྱ་དགའི་རྟགས་མ(རྟགས་མ་34)ཐོབ་མང་ཤོས་ཀྱི་ལུས་རྩལ་པར་གྱུར་པ་རེད།

    ⑤ རྨི་ལཱ་ཁའེ·ཤིས་ཧྥུ་ལིན། (ཨ་རི། བུད་མེད། ལོ་28 གངས་ཤུད) 2022ལོ་ནས་2023ལོའི་དགུན་དུས་སུ་ཨ་རིའི་གངས་ཤུད་ལུས་རྩལ་པ་ཤིས་ཧྥུ་ལིན་གྱིས་རི་མཐོའི་གངས་ཤུད་འཛམ་གླིང་བུམ་པའི་དབྱི་ཐ་ལི་ཁོ་ལུང་ཕུ་ལ་ཚི་རུ་གཉེར་བའི་ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་ལ་བུད་མེད་ཀྱི་གུག་གཅུས་ཆེན་པོའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཏེ། ཐེངས་83རྒྱལ་བའི་གྲུབ་འབྲས་ཐོག་ནས་འཛམ་གླིང་བུམ་པའི་ཨང་དང་པོ་ཐོབ་མང་ཤོས་ཀྱི་བུད་མེད་ཀྱི་རི་མཐོའི་གངས་ཤུད་ལུས་རྩལ་པར་གྱུར་པ་དང་། འགྲན་དུས་མཇུག་འགྲིལ་སྐབས་ཁོང་གིས་སླར་ཡང་གྲངས་ཀ་དེ་88བར་མཐོ་རུ་བཏང་བར་འཛམ་གླིང་བུམ་པའི་ལོ་རྒྱུས་ཐོག་ཨང་དང་པོ་ཐོབ་མང་ཤོས་ཀྱི་རི་མཐོའི་གངས་ཤུད་བདམས་ཐོན་པར་གྱུར་པ་རེད།

    ⑥ ཁེར་ཝུན·ཅི་ཕུ་ཐུ་མུ། (ཁེན་ནི་ཡ། སྐྱེས་པ། ལོ་24 མཆོང་རྒྱུག་འཕེན་གསུམ) 2023ལོའི་ཀྲི་ཅ་ཀོ་མར་སུན་འགྲན་བསྡུར་ལ་ཅི་ཕུ་ཐུ་མུ་ཡིས་ཆུ་ཚོད་2དང་སྐར་མ་0སྐར་ཆ་35ཡི་གྲུབ་འབྲས་ཐོག་ནས་སྐྱེས་པའི་མར་སུན་གྱི་འཛམ་གླིང་ཟིན་ཐོ་གསར་པ་བཏོད་ནས། ལོ་རྒྱུས་ཐོག་དངོས་གཞིའི་འགྲན་བསྡུར་ལ་ཆུ་ཚོད་2དང་སྐར་མ་1ལས་ཚད་བརྒལ་ཐུབ་མཁན་མར་སུན་ལུས་རྩལ་པ་ཐོག་མ་དེར་གྱུར་པ་རེད།

    ⑦ ཁའེ་ལི·མའེ་ཅི་ཝུང་། (ཨོ་སི་ཁྲུ་ལི་ཡ། བུད་མེད། ལོ་22 ཆུ་རྐྱལ) ཨ་སི་ཁྲུ་ལི་ཡའི་གྲགས་ཅན་ཆུ་རྐྱལ་བ་མའེ་ཅི་ཝུང་གིས་ཧྥུའུ་ཀང་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་བུད་མེད་ཀྱི་སྨི་50དང་། སྨི་100 སྨི་200བཅས་ཀྱི་གན་རྐྱལ་གྱི་ཨང་དང་པོ་བླངས་ཏེ། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་སྐབས་གཅིག་ལ“ཨང་དང་པོ་གསུམ་ལེན་མཁན”ལ་གྱུར་པ་རེད། པུ་ཏ་ཕེ་སི་ས་ཚིགས་ཀྱི་སྨི་50དང་སྨི་100ཡི་གན་རྐྱལ་མཐའ་བསྡུར་ནང་འཛམ་གླིང་གི་ཟིན་ཐོ་གསར་པ་ཐེངས་གཉིས་བཏོད་ནས། བུད་མེད་ཀྱི་སྨི་50དང་། སྨི་100 སྨི་200བཅས་ཀྱི་གན་རྐྱལ་གྱི་འཛམ་གླིང་གི་ཟིན་ཐོ་ཚང་མ་བཏོད་ཡོད།

    ⑧ ཧྥེ་སི·ཅི་ཕུའུ་ཡེ་ཀྲེན། (ཁེན་ནི་ཡ། བུད་མེད། ལོ་29 མཆོང་རྒྱུག་འཕེན་གསུམ) 2023ལོའི་ཟླ་6པའི་ས་ཚིགས་གཉིས་ཀྱི་འཛམ་གླིང་མཆོག་རྒྱུག་འཕེན་གསུམ་མཉམ་འབྲེལ་གྱི་ཕ་ལམ་རིམ་མཚུངས་མཉམ་འགྲན་ཁྲོད་ཅི་ཕུའུ་ཡེ་ཀྲེན་གྱིས་སྔ་རྗེས་སུ་བུད་མེད་ཀྱི་སྨི་1500དང་སྨི་5000གི་འཛམ་གླིང་གི་ཟིན་ཐོ་བཏོད་པ་དང་། ཟླ་7པར་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་མིན་པའི་བུད་མེད་ཀྱི་དབྱིན་ལེ་1གི་འཛམ་གླིང་གི་ཟིན་ཐོ་བཏོད་པ། ཟླ་8པར་པུ་ཏ་ཕེ་སིའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་ཁོང་གིས་བུད་མེད་ཀྱི་སྨི་1500དང་སྨི་5000གི་གསེར་གྱི་རྟགས་མ་གཉིས་བླངས་ཡོད། མིག་སྔར་ཁོང་ནི་འཛམ་གླིང་གི་ན་གཞོན་གྱི་ཨང་དང་པོ་དང་། འཛམ་གླིང་གི་ཨང་དང་པོ། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ། འཛམ་གླིང་གི་ཟིན་ཐོ་འཛིན་མཁན་བཅས་ཀྱི་མཚན་སྙན་འདུས་པའི་ལུས་རྩལ་པ་ཞིག་རེད།

    ⑨ ནུའོ་ཝ་ཁེ·ཅའོ་ཁེ་ཝེ་ཆི། (སར་པི་ཡ། སྐྱེས་པ། ལོ་36 ཝང་ཆིའུ་སྤོ་ལོ) 2023ལོར་ཨ་རིའི་ཝང་ཆིའུ་སྤོ་ལོའི་ཨང་དང་པོ་ཐེངས་བཞི་པ་ཐོབ་རྗེས་ཅའོ་ཁེ་ཝེ་ཆིར་བྱ་དགའ་ཡོད་ཚད་ཀྱི་ཨང་དང་པོའི་བྱ་དགའི་བུམ་པ་ཐེངས་24པ་ཐོབ་པ་དེ་ལས་ཨང་དང་པོ་ཐེངས་23ཐོབ་མྱོང་བའི་ཝེ་ལན་མུ་སི་ཆུང་བ་ལས་བརྒལ་ནས་ཡོངས་བསྒྲགས་འགྲན་བསྡུར་དུས་རབས་ཀྱི་ལོ་རྒྱུས་ཐོག་གི་ཨང་དང་པོར་གྱུར་ཡོད། 2023ལོའི་བྱ་དགའ་ཡོད་ཚད་ཀྱི་འགྲན་བསྡུར་ཁག་བཞིའི་ཁྲོད་ཅའོ་ཁེ་ཝེ་ཆིས་ཨང་དང་པོའི་བྱ་དགའི་བུམ་པ་ཁག་གསུམ་བླངས་ཡོད། ཁོང་གིས་ཨོ་སི་ཁྲུ་ལི་ཡའི་ཝང་ཆིའུ་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དེས་འགྲན་བསྡུར་དེའི“ཨང་དང་པོ་ཐེངས་བཅུ”བླངས་པའི་ཟིན་ཐོ་བཏོད་པ་རེད།

    ⑩ ཆིན་ཧའེ་ཡང་། (ཀྲུང་གོ སྐྱེས་པ། ལོ་24 ཆུ་རྐྱལ) 2023ལོའི་ཟླ་7པར་གཉེར་བའི་ཧྥུའུ་ཀང་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་ཆིན་ཧའེ་ཡང་གིས་སྐྱེས་པའི་སྨི་50དང་། སྨི་100 སྨི་200བཅས་ཀྱི་སྦལ་རྐྱལ་གྱི་གསེར་གྱི་རྟགས་མ་3བླངས་ནས་ལོ་རྒྱུས་ཐོག་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་སྐབས་གཅིག་ལ་སྦལ་རྐྱལ་གྱི་རྣམ་གྲངས་གསུམ་གྱི་གསེར་གྱི་རྟགས་མ་ཚང་མ་ལེན་མཁན་གྱི་ལུས་རྩལ་པ་དང་པོར་གྱུར་པ་དང་འབྲེལ། སྐྱེས་པའི་སྨི་200ཡི་སྦལ་རྐྱལ་གྱི་འཛམ་གླིང་གི་ཟིན་ཐོ་བཏོད་པ་རེད། ཆུ་རྐྱལ་འཛམ་གླིང་བུམ་པར་འཛམ་གླིང་བུམ་པའི་ལོ་འཁོར་གྱི་ཨང་དང་པོ་བསྟུད་མར་བླངས་པ་རེད། ཁོང་ལ་ཟླ་10པར་འཛམ་གླིང་གི་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐྱེས་པའི་ཆུ་རྐྱལ་ལུས་རྩལ་པ་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།