དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    2023ལོར་ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་ཐད་བཀྲག་མདངས་འཚེར་ས་མང་པོ་མངོན་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་2023ལོའི་ཟླ་12ཚེས་29ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུར་2023ལོའི་ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་ཐད་བཀྲག་མདངས་འཚེར་ས་མང་པོ་མངོན་ཡོད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས་2023ལོར་གཙོ་བདག་གི་ཕྱི་འབྲེལ་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཐད་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ནས་བཀྲག་མདངས་འཚེར་ས་མང་བའི་ལེའུ་གསར་པ་བརྩམས་ཡོད་ཅེས་བརྗོད་པ་རེད།

    གཅིག་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་གནང་ནས་2023ལོའི་གཙོ་བདག་གི་འཚམས་འདྲི་དང་ཕྱི་འབྲེལ་གྱི་ལས་འགོ་བརྩམས་པ་དང་ཀྲུང་ཨུའི་གཙོ་བདག་གིས་དུས་ཡུན་རིང་པོའི་ནང་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་སྤེལ་རེས་གནང་ནས་ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཨ་རིར་ཕེབས་ཏེ་ཀྲུང་ཨའི་གཙོ་བདག་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་ནས་ཀྲུང་ཨའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་ནས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧྥ་རན་སེའི་ཙུང་ཐུང་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་དང་ཞལ་འཛོམས་གནང་ནས་ཀྲུང་ཧྥ་དང་ཀྲུང་ཡོ་དབར་གྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད།

    གཉིས་ནས་མཐའ་སྐོར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་བཏང་ཞིང་། ཤིས་ཨན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གཙོ་སྐྱོང་གནང་ནས་ཕྱོགས་ཁག་གིས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། གཡོད་ཧན་ནེ་སི་པའོ་རུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་ནས་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་རྒྱ་ཆེར་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་སྤོ་བར་སྐུལ་འདེད་བཏང་བ་མ་ཟད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོས་ནམ་ཡང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ལངས་ལུགས་མཚོན་པར་གནང་ཡོད། པེ་ཅིང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ཐོག་ཀྲུང་གོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་མགྱོགས་མྱུར་སྤོ་བར་རམ་འདེགས་བྱས་ཡོད། ཧ་ནོ་དབྱིར་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གྱི་འགོ་ཁྲིད་པས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་འབྲེལ་མཛའ་སེམས་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་མཐའ་འཁོར་གྱི་ཕྱི་འབྲེལ་འདུ་ཤེས་སླར་ཡང་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད།

    གསུམ་ནས་གླེང་མང་བའི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་སྐྱེས་སུ་ཕུལ་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སོ་ཏི་ཨ་རབ་དང་དབྱི་རན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་དབར་ཐུན་མོང་ངོས་འཛིན་བྱུང་བ་ལྟར་ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་དང་སྐུལ་འདེད་འོག་སོ་ཏི་ཨ་རབ་དང་དབྱི་རན་ཕྱོགས་གཉིས་དབར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འབྲེལ་བ་སླར་གསོ་བྱེད་པའི་གྲོས་མཐུན་བཞག་པ་རེད། ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་སེལ་བར་སྐུལ་འདེད་གཏོང་ཆེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲེལ་ཡོད་ཕྱོགས་ཁག་གི་འགོ་ཁྲིད་པ་དང་འབྲེལ་མཐུད་རྒྱུན་འཁྱོངས་གནང་ནས་ཞི་བའི་གྲོས་མོལ་བྱ་རྒྱུར་སྐུལ་མ་གནང་ཡོད། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གདོང་ཐུག་བྱུང་བ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་ཐེངས་མང་གནང་བ་དང་འབྲེལ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དམིགས་བསལ་གྱི་བརྙན་ལམ་དབུ་ཚོགས་ནང་ཞུགས་ཏེ་འཕྲལ་མར་དམག་མཚམས་འཇོག་པ་དང་ཕ་ལེ་སི་ཐན་གྱི་གནད་དོན་དེ“རྒྱལ་ཁབ་གཉིས་པོའི་ཇུས་གཞིའི”རྨང་གཞིའི་ཐོག་ཁྱོན་ཡོངས་དང་། དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་སྔ་ཙམ་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་འབོད་སྐུལ་གནང་བ་རེད།

    བཞི་ནས་མཛའ་གྲོགས་མཉམ་ལས་ཀྱི་དམངས་འདུན་རྨང་གཞི་བརྟན་དུ་བཏང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་གོའི་གཏམ་རྒྱུད་གླེང་བ་དང་གནམ་འོག་གི་གྲོགས་པོ་མང་པོ་བསྒྲིགས་ཡོད། 2023ལོ་ནས་བཟུང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅི་ཤིན་ཀེ་དང་པེར·ཀའེ་ཚི་སོགས་ཨ་རིའི་གྲོགས་པོ་མང་པོ་དང་མཇལ་འཛོམས་གནང་བ་དང་ཅིའུ་ཅིན་ཧྲན་དུ་ལོ་མང་རིང་ངོ་ཤེས་བྱུང་བའི་ཨ་རིའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་འབྲེལ་ཨ་རིའི་མི་དམངས་ལ་ཅིའུ་ཅིན་ཧྲན་གྱི་ལོ་རྒྱུས་རང་བཞིན་གྱི་གཏམ་བཤད་ཀྱང་གནང་བ་རེད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་རྒྱལ་ཁབ་ཁག་གི་མཛའ་གྲོགས་མི་སྣ་དང་འཕྲིན་ཡིག་ཐེངས་མང་གཏོང་རེས་གནང་བ་དང་འཕྲིན་ཡིག་རེ་རེ་ལས་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་ཟབ་ཏུ་བཏང་ནས་འགྲོགས་བདེ་ལ་གཤིབ་བདེ་བ་དང་ལ་རྒྱ་གཙོ་བོར་འཛིན་པའི་གཙོ་འཛིན་གྱི་ཉམས་འགྱུར་མངོན་པས་འཛམ་གླིང་ཡོངས་ཀྱི་བརྩི་འཇོག་དང་མཛའ་གྲོགས་ཐོབ་པ་བཅས་རེད།

    མའོ་ཉིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཕྱོགས་བཞི་མཚམས་བརྒྱད་དུ་སྐྱོད་པར་དཀའ་ངལ་ཆེན་པོ་ཡོད་མོད། འོན་ཀྱང་གྲུབ་འབྲས་ཆེ་ཤོས་ནི‘གྲོགས་ཚོགས’ཇེ་མང་དུ་སོང་བ་དེ་རེད”ཅེས་གསུངས་མྱོང་ཡོད། 2023ལོར་ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་ཐད་བཀྲག་མདངས་འཚེར་ས་མང་པོ་མངོན་ཡོད་པས་ང་ཚོས་2024ལོར་ངོ་མཚར་ཆེ་བའི་ལེའུ་དེ་བརྩམ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།