འཕེལ་རྒྱས་ཏན་ཏིག་བཏང་། ངར་ཤུགས་གཅིག་ཏུ་བསྒྲིམས།
2023ལོའི་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་རེད། ལོ་གཅིག་རིང་དང་ལྷག་པར་དུ་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང་། “ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”ལ་དམིགས་ཏེ“རྨང་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་བྱེད་པ། ཁུལ་གསར་ལ་བརྟེན་ནས་སྣེ་ཁྲིད་བྱེད་པ”བཅས་ཀྱི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས། འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་པོ་རྒྱུན་འཁྱོངས་བཅས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྤྱི་འདོམས་བྱས་ནས། སྔོན་དཔག་བྱས་ན་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་262.41ཟིན་པ་དུས་མཚུངས་ལས་8%ཡན་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད་དུས་མཚུངས་ལས་13%ཡས་མས་འཕར་བ། སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་74.3ཟིན་པ་དུས་མཚུངས་ལས་10%ཡས་མས་འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་19.5ཟིན་པ་དུས་མཚུངས་ལས་59.9%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་སྔོན་དཔག་བྱས་ན་ཡོང་འབབ་སོ་སོར་སྒོར་48625དང་སྒོར་21830ཟིན་ནས། དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོ་དང་། སྐྱོན་བྲལ། འཕེལ་རྒྱས་ཀྱི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
ཐོན་ལས་འཕེལ་རྒྱས་ཀྱི་ལམ་དུ་མགྱོགས་མྱུར་བསྐྱོད་པ།
2023ལོའི་ཟླ་9པར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་8.26ཟིན་པའི་བོད་ལྗོངས་མཁའ་འགྲུལ་གྱི་འཁོར་སྐྱོད་འགན་ལེན་ལྟེ་གནས་གསར་པ་གོང་དཀར་རྫོང་དུ་སྐྲུན་འགོ་ཚུགས་པ་དང་རྣམ་གྲངས་ལག་བསྟར་བྱས་པ་དེས་ལྷོ་ཁའི་ཨར་པོའི་རྒྱུ་ཆ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་མ་ཐེབས་ཡོད།
2023ལོའི་ཟླ་10པར་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ར་བ་སྟེ་མཚོ་སྨད་རྫོང་གྲི་གུ་རླུང་གློག་ར་བའི་དུས་ཐེངས་གཉིས་པའི་རྣམ་གྲངས་སྤྱི་ཡོངས་ཀྱི་ཤོང་ཚད་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ་དང་། དུས་ཐེངས་དང་པོ་དང་གཉིས་པའི་གློག་འདོན་འཕྲུལ་འཁོར་ཚན་པ་25ཡིས་གློག་གཏོང་ཚད་ཁྱིམ་ཚང་ཁྲི་14ཙམ་གྱི་ལོ་གཅིག་གི་གློག་གི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།
2023ལོའི་ཟླ་12པར་དུས་ཡུན་གཟའ་འཁོར་གཅིག་གི་ཡར་ཀླུང་ཚོང་འདུས་སྐབས་43པའི་སྤྱིའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་6.54ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། ཚོང་དོན་ཟོག་འགྲེམས་ལས་རིགས་དར་རྒྱས་གོང་འཕེལ་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
ཐོན་ལས་རྣམ་གྲངས་རེ་རེ་དང་དགའ་འོས་པའི་གྲངས་ཀ་རེ་རེ་ལས་ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང་དུ་རྨོ་ཞིང་མུའུ་ཁྲི་10ཡི་ས་རྒྱུའི་ནུས་པ་ལེགས་བཅོས་ཀྱི་འདུ་འགོད་ལག་ལེན་བསྟར་བས་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་38.22ཟིན་པ་དང་འབྲུ་རིགས་ཐོན་ཚད་ཏུན་ཁྲི་17.04ཟིན་ནས“ལོ་བཅུ་བཞི་བསྟུད་མར་ལོ་ལེགས་བྱུང་བའི”རྣམ་པ་ཐོན་ཡོད། སྣེ་གདོང་ཆུས་ཧུང་ནུང་རིག་ནུས་ཅན་གྱི་བོད་བྱ་ཐོན་ལས་གླིང་དང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་བོད་ཕག་ཁྲི་གསོ་ཚགས་རྟེན་གཞི། ཟངས་རི་རྫོང་གི་མུའུ་ཁྲི་ཡི་རྒུན་འབྲུམ་ཐོན་ལས་རྟེན་གཞི་སོགས་མཚོན་བྱེད་དུ་བྱས་པའི་སྒྲིག་བཀོད་ཞིང་འབྲོག་ལས་ཁག་གཅིག་དང་དེང་རབས་ཞིང་འབྲོག་ལས་ཁག་གཅིག་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
ཐོན་ལས་གསུམ་པའི་ཐད། 2023ལོར་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ནས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་607.21ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་25ཟིན་པ་དེ་དུས་མཚུངས་ལས་ཆེས་ཆེར་འཕར་བ་དང་། ཧྲེན་ལེ་དུས་རབས་ཐང་ཆེན་དང་ཡར་ཀླུང་གཙང་པོའི་མཁའ་ཁྲོམ་སོགས་ཚོང་ལས་ཁུལ་ཆེ་གྲས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། སྦྲག་སྲིད་བསྐུར་སྐྱེལ་གྱི་ལས་སྒོའི་བསྐུར་མ་བསྡོམས་ཁྲི་1063.79ཟིན་ནས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ། རྫོང་ཁག་གི་ཚོང་འདུས་དང་། མཚན་ཁྲོམ་དཔལ་འབྱོར། བྲིན་སྐུལ་བྱེད་སྒོ་སོགས་རིམ་གྱིས་ཐོན་ནས་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་བཞིན་ལེགས་སུ་བཏང་བ།
“རྩེད་ཐང་གྲོང་ཁུལ་གྱི་འགྱུར་ལྡོག་དངོས་གནས་ཆེན་པོ་འདུག མེ་འཁོར་བབས་ཚུགས་ཀྱི་ཉེ་འཁོར་དུ་ཐོག་བརྩེགས་ཁང་ཆེན་མང་པོ་བསྐྲུན་ཡོད་པ་དང་། གྲོང་ཁུལ་གྱི་རྒྱ་ཁྱོན་ལོ་ལྟར་ཆེ་རུ་ཕྱིན་པ། གྲོང་ཁྱེར་སྔར་བས་འཁྲུག་ཆ་དོད་དུ་ཕྱིན་པ། འཚོ་བ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད”
གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་སྤྱི་འདོམས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་བཏང་ནས། མི་དམངས་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དེར་བརྟེན་2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་དམ་འཛིན་བྱ་གཞིར་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་དེ་བས་སྣང་ཆེན་བྱས་ཏེ། འབད་འབུངས་མདུན་སྐྱོད་ཁྲོད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་སླར་ཡང་ལེགས་སུ་དང་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད།
—— ལྷོ་ཁ་གྲོང་ཁྱེར་གྱིས་མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྩེད་ཐང་གི་ལམ་ཆེན་རྒྱ་ཆེར་གཏོང་བ་དང་། གྲོང་ཁུལ་གྱི་གློག་སྒྲོན་དང་རྩེད་ཐང་གྲོང་ཁུལ་གྱི་ཆུའི་མདོང་ལམ་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་བསྐྲུན་པ། མཁའ་འགྲུལ་ཁུལ་གསར་འཕེལ་རྒྱས་ཀྱི་ངེས་གནས་ཁ་གསལ་བཟོས་ནས། ཁུལ་གསར་གྲང་ཕྲེང་ཟོག་འགྲེམས་ལྟེ་གནས་དང་སྲིན་པོ་རིའི་མི་དམངས་སྨན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་གཅིག་མགྱོགས་མྱུར་བསྐྲུན་པ། ཐེན་མ་མི་རིགས་ཡུལ་སྲོལ་གོམས་འདྲིས་ཀྱི་ཚོང་ལས་ཁྲོམ་གཞུང་དང་ཧེང་ཡུས་ཐང་ཆེན་སོགས་ཚོང་ཁང་ཁག་གཅིག་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས་3320མང་དུ་བཏང་བ་རེད།
—— མཚོ་སྣ་རྫོང་གྲོང་ཁྱེར་ལ་བསྒྱུར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཞན་ཆ་སེལ་བའི་རྣམ་གྲངས་34ལག་བསྟར་བྱས་ཏེ་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་20ཡི་དྲོད་རླངས་མཁོ་འདོན་དང་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་10ཡི་གསོ་རླུང་མཁོ་འདོན་ལས་གྲྭ་ལེགས་སྒྲུབ་བྱས་པ་མ་ཟད། ལྷུན་རྩེ་དང་། ལྷོ་བྲག མཚོ་སྨད། སྣ་དཀར་རྩེ་བཅས་རྫོང་གྲོང་4ལ་དྲོད་རླངས་མཁོ་འདོན་བརྟན་པོ་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།
—— ཉམས་ཞན་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་གྱི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཧུར་ཐག་བྱས་ནས། ཉམས་ཞན་གྲོང་ཚོ(གྲོང་ལྷན)147ཡི་ཞན་ཆ་སེལ་བས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་5ཡན་ཟིན་པའི་གྲོང་ཚོ(གྲོང་ལྷན)98.43%ཟིན་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་280འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་རྣམ་གྲངས་103འཛུགས་སྐྲུན་བྱས་ཡོད།
དམངས་འཚོའི་བདེ་རྩ་ཆེ་རུ་ཧུར་ཐག་བཏང་བ།
“མི་དམངས་མང་ཚོགས་ནི་འཕེལ་རྒྱས་ཀྱི་བྱེད་པོ་ཡིན་ལ་འཕེལ་རྒྱས་ཀྱི་ཕན་པ་ཐོབ་མཁན་ཆེ་ཤོས་ཀྱང་ཡིན་དགོས” 2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོའི་ཞབས་ཞུའི་མ་ལག་སེམས་ནུས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་དཀའ་ངལ་དང་། སེམས་ཁྲལ། འཕྲལ་མཁོ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཀྱིས། འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལས་དམངས་ལ་ཕན་པ་སྔར་བས་ཐོབ་པ་དང་བློ་ཡིད་ཚིམ་པའི་དམངས་ཕན་རྒྱུགས་ལན་ཕུལ་བ་རེད།
ལས་ཞུགས་འབབ་འཕར་ནི་དམངས་འཚོ་ཆེ་ཤོས་ཡིན། 2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་ཀྱི་ལས་མི་སྤྱོད་པའི་འགན་འཁྲིའི་ལམ་ལུགས་དང་འབྲེལ་མཐུད་ལམ་སྲོལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་སུ་ངལ་རྩོལ་ནུས་ཤུགས་ཁྲི་11ལས་ཞུགས་གཞན་སྒྱུར་དང་ཡོང་འབབ་སྒོར་དུང་ཕྱུར་13.72བཏོད་པར་ལོ་འཁོར་དམིགས་ཚད་ཀྱི་126.4%དང་175.9%སོ་སོར་ལེགས་སྒྲུབ་བྱས་ཡོད། གུན་གསབ་ལས་སྤྲོད་ཀྱི་སྒྲིག་བཀོད་ཞིང་ནང་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་66ལག་བསྟར་བྱས་ཏེ་ངལ་རྩོལ་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ། ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་དང་སྔར་ལས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་6936གསར་དུ་ལས་ཞུགས་ཐུབ་པར་བྱས་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་སྐུལ་སྤེལ་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ། ལས་ཞུགས་ཁྲོམ་ར་དང་། ཐོན་ལས། ཁེ་ལས་བཅས་སུ་ཕྱོགས་པ་དང་ལྗོངས་ཕྱིར་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་བས། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་3686ལས་ཞུགས་ཐུབ་པ་དང་། ལས་ཞུགས་ཐུབ་ཚད་99.7%ཟིན་ཡོད།