དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གིས་རང་ཁ་རང་གསོ་དང་སྐོང་འདྲེན་ཟུང་འབྲེལ་གྱིས་ཤིང་འབྲས་དང་སྔོ་ཚལ་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-01

    2023ལོའི་ཟླ་12པའི་ཟླ་སྟོད་དུ་མཚོ་སྔོན་གྱི་ས་ཁོངས་སུ་དྲོད་ཚད་ཆག་ཅིང་། ཐོ་རེངས་ཆུ་ཚོད་གསུམ་དང་ཕྱེད་ཀར“སྐུ་ཞབས་མོང་ལགས”ཀྱི་སྒོ་རྩིས་ཚོང་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་གཙོ་གཉེར་བ་དབྱང་ཞུས་ཏུང་གིས་གྲང་རླུང་ཁྲོད་དུ་ངོ་གདོང་བཏུམས་ནས་ཟོག་འདྲེན་རླངས་འཁོར་གྱི་གློག་བསླངས་ཤིང་། རྣམ་ཀུན་དང་འདྲ་བར་ཁོང་གིས་སྔོ་ཚལ་བསྡུ་འགྲེམས་རྟེན་གཞིར་ཉིན་དེར་མཁོ་བའི་ཤིང་འབྲས་དང་སྔོ་ཚལ་ཉོ་བར་བསྐྱོད།

    སྐུ་ཞབས་མོང་ལགས་ཀྱི་སྒོ་རྩིས་ཚོང་ཁང་དེ་ཟི་ལིང་གྲོང་ཁྱེར་གྱི་ཁྲེང་ཀྲུང་ཆུས་སུ་གནས་པ་དང་ཚོང་ཁང་དེར་ཡན་ལག་ཚོང་ཁང་6ཡོད། ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་ཨན་ཤིན་ཡ་ལྡུམ་རའི་ཚོང་ཁང་གི་སྒོ་ཁའི“ཟི་ལིང་གྲོང་ཁྱེར་གྱི་གོང་ཁེའི་སྔོ་ཚལ་མཁོ་སྤྲོད་ཚོང་ཁང”ཞེས་པའི་སྒོ་བྱང་མངོན་གསལ་ཧ་ཅང་དོད་པ་དང་། ཞོགས་པའི་ཆུ་ཚོད་བརྒྱད་པ་ལྷག་ཙམ་དུ་ཚོང་ཁང་དུ་འཛུལ་སྐབས་དེ་ཙམ་ཆེན་པོ་མེད་པའི་ཚོང་ཁང་དེར་མིས་ཁེངས།“ཚོང་ཁང་འདིའི་སྔོ་ཚལ་སོས་པ་ཡིན་པའི་ཁར་རིན་གོང་ཡང་ཞོགས་ཁྲོམ་དང་ཧེ་བག་ཆེན་པོ་མེད་ལ། ཁྱིམ་དང་ཐག་ཉེ་བར་བརྟེན་ང་རྟག་ཏུ་འདིར་ཡོང་གི་ཡོད”ཅེས་ཉེ་འཁོར་གྱི་གྲོང་མི་ཝང་ལི་ཉིང་གིས་བཤད།

    མོང་ཡ་ཝེ་ཟེར་བའི་ལོ་29ཡང་ཟིན་མེད་པའི་ཕོ་གསར་དེ་ནི་ཚོང་ཁང་དྲུག་པོ་དེའི་སྦྱིན་བདག་ཡིན་ཞིང་། ལོ་ཤས་གོང་ལས་གྲྭ་ཆུང་གྲས་གཉེར་མྱོང་བ་དང་ལོ་བཞི་ཡི་གོང་དུ་ཁོང་གྲོང་ཚོར་ལོག་ནས་དྲོད་ཁང་ཆེ་མོ་16འགན་གཙང་བླངས་ཏེ་གཙོ་བོ་འབྲི་ཏ་ས་འཛིན་དང་། ཀྲོ་མ་ཀྲུ། སུར་པན། ཧོང་ཀྭ་སོགས་རྒྱུན་མཁོའི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་བྱེད་ཀྱི་ཡོད། སྐབས་དེ་དུས་ཟི་ལིང་གི་སྔོ་ཚལ་དང་ཤིང་འབྲས་རང་ཁ་རང་གསོ་བྱེད་ནུས་ཧ་ཅང་ཞན་པས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ཡོད། ན་ནིང་ནས་བཟུང་མོང་ཡ་ཝེས་གོ་སྐབས་དེར་དམ་འཛིན་བྱས་ཏེ་ཐོན་ལས་བཀོད་པ་ཇུས་འགོད་བྱེད་འགོ་བཙུགས་པར་ཕན་འབྲས་ཡག་པོ་ཐོན་པ་དང“ལོ་གཉིས་ལྷག་ཙམ་རིང་ཚོང་ཁང་དྲུག་བཙུགས་ནས་ཟླ་རེའི་བཙོངས་འབོར་སྒོར་ཁྲི་ལྔ་བརྒྱ་ལྷག་ཙམ་ཟིན་ཡོད། ང་ཚོའི་སྔོ་ཚལ་སོས་པ་དང་གོང་ཁེ་བས་འཛད་སྤྱོད་པ་རྙིང་པ་ཚང་མས་ཡིད་ཆེས་བྱེད་ཀྱི་ཡོད”

    གསར་འགོད་པ་ཚོང་ཁང་དེར་ཆུ་ཚོད་གཅིག་ཙམ་སྡོད་རིང་ཤིང་འབྲས་དང་སྔོ་ཚལ་ཉོ་མཁན་བར་མེད་སླེབས། ཆུ་ཚོད་10པ་ལྷག་ཙམ་དུ་དངོས་ཟོག་ཁ་གསབ་བྱེད་མཁན་དབྱང་ཞུས་ཏུང་གིས་ཚོང་ཁང་གི་སྒོ་ཁར་རླངས་འཁོར་ཁ་བཀག་ནས་སྒམ་རེ་རེ་བཞིན་དབོར་བ་དང་སྟོང་པ་ཆགས་པའི་སྔོ་ཚལ་འཇོག་གནས་ཀྱང་རིམ་བཞིན་ཁེངས། “དེ་རིང་ཐེངས་གཉིས་དབོར་བ་ཡིན། བསྡུ་འགྲེམས་རྟེན་གཞི་ནས་ལོག་སྟེ་སླར་ཡང་ང་ཚོའི་ཚོང་ཁང་གི་མཚོ་ཤར་གྲོང་ཁྱེར་ཆོན་ཨེར་དབན་གྲོང་ཚོའི་དྲོད་ཁང་ཆེན་མོའི་རྟེན་གཞིར་ཕྱིན་པ་ཡིན། དགུན་ཁར་ཐོན་འབབ་ཅུང་ཆག་པས། ཇི་ཙམ་ཡོད་པ་ཆ་ཚང་དབོར་གང་ཐུབ་བྱེད་ཀྱི་ཡོད”

    སྔོ་ཚལ་དང་ཤིང་འབྲས་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱིས་དུས་ཆེན་གྱི་གུང་གསེང་ཉིན་མོའི་གོང་དུ་ཐོན་ཚོང་འབྲེལ་མཐུད་ཚོགས་འདུ་ཞིག་འཚོགས་པ་དང་། “གནམ་ལོ་གསར་ཚེས་འཆར་གྲབས་ཡོད་སྟབས་ང་ཚོས་གཟའ་འཁོར་གཅིག་གི་སྔ་སྣུར་དུ་ཁོངས་གཏོགས་ཁུལ་ནང་གི་སྔོ་ཚལ་དང་ཤིང་འབྲས་མཁོ་འདོན་ཚོང་པའི་འཐུས་མི་བསྐོངས་ཏེ་ཁོང་ཚོ་དང་སྔོ་ཚལ་སྣ་ཁ་6དང་ཤིང་འབྲས་སྣ་ཁ་5ཡི་རིན་གོང་དམའ་ཤོས་གྲོས་བསྡུར་དང་གཏན་འཁེལ་བྱེད་པ་མ་ཟད། ཚོང་ཟོག་མཁོ་འདོན་བྱེད་འབོར་ཁ་ཆད་བྱེད་ཀྱི་ཡོད། ཆུས་ནང་ཁུལ་གྱི་གོང་ཁེའི་ཤིང་འབྲས་དང་སྔོ་ཚལ་སོས་པའི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་གིས་སྲིད་གཞུང་གི་ལས་སྟེགས་བརྒྱུད་ཉོ་སྒྲུབ་བྱས་རྗེས་རིན་གོང་ཁེ་པོས་ཕྱིར་བཙོང་གི་ཡོད། ང་ཚོས་ཕྱིར་ཚོང་བྱེད་འབོར་གཞིར་བཟུང་ཚོང་དུད་ལ་ཁ་གསབ་སྤྲོད་ཀྱི་ཡོད”ཅེས་ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་འཕེལ་སྒྱུར་དང་བཟོ་ལས་ཆ་འཕྲིན་ཅུས་ཀྱི་འཁོར་རྒྱུག་ཁོའི་ལས་དོན་པ་ཆོན་མིན་རུའེ་ཡིས་ངོ་སྤྲོད་བྱས།

    གནམ་ལོ་གསར་ཚེས་འཆར་ཉེའི་མཚམས་སུ་གྲོང་མིའི་ཤ་ཚལ་སྒོང་གསུམ་གྱི་མཁོ་སྤྲོད་ལ་འགན་ལེན་བྱ་ཆེད། ཟི་ལིང་གི་སྔོ་ཚལ་ཁྲོམ་ར་ཆེན་པོ་ཁག་ཏུ“གངས་ཆར་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག ཚོང་དུད་སྒྲིག་འཛུགས་བྱས་ནས་ཞོག་ཁོག་དང་། པད་ཚལ། ལ་ཕུག ཙོང་སོགས་ཉར་གསོག་དང་དབོར་འདྲེན་བདེ་བའི་དགུན་གྲབས་སྔོ་ཚལ་གྲ་སྒྲིག་བྱེད་དུ་བཅུག་ཡོད་པ་དང་། གངས་བབས་པ་དང་དྲོད་ཚད་ཆག་པར་ཁ་གཏད་གཅོག་ཆེད་འཁྱགས་པ་ཐེབས་སླ་བའི་སྔོ་ཚལ་སོས་པར་ཁྲོམ་རས་ཚོང་དུད་ལ་སྔོ་ཚལ་གཅིག་སྡུད་ཉར་གསོག་གི་ཞབས་འདེགས་ཞུས་ནས་སོས་ཉར་འགྱིག་ཤོག་དང་དྲོད་ལྡན་ཁེབས་གཡོག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྔོ་ཚལ་གྱི་སྤུས་ཚད་ལ་འགན་ལེན་བྱས་ཡོད” གཞན་ཡང་། ཟི་ལིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ལས་དོན་པ་ཀྲང་ལི་ལིས། མིག་སྔར་གནམ་གཤིས་གྲང་མོ་བསྟུད་མར་བསྟན་པར་དམིགས་ནས་ཟི་ལིང་གྲོང་ཁྱེར་གྱིས་ཞིང་ལས་དང་། འགྲིམ་འགྲུལ་སྡེ་ཚན། ཁྲོམ་ར་བཅས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། བསྡུ་འགྲེམས་ལྟེ་གནས་ཀྱི་བཀར་འཇུག་ལྟེ་གནས་ཀྱི་རྒྱུན་སྤྱོད་སྔོ་ཚལ་གསོག་ཉར་བྱེད་ཚད་མང་དུ་གཏོང་བ་དང་། འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་བྱས་ཏེ་ཞིང་ལས་ཐོན་རྫས་སྐྱེལ་འདྲེན་གྱི་ཐོགས་མེད་བགྲོད་ལམ་ལ་གཙོ་གནད་ཐོག་འགན་ལེན་བྱེད་པ། ཆུས་ཁག་གིས་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་གྱི་ཆེད་སྤྱོད་རླངས་འཁོར་སྤྱོད་འགོ་ཚུགས་པ། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཐོན་རྫས་དངོས་ཟོག་མཁོ་སྤྲོད་འཁོར་འབྲེལ་གྱི་སྐྱེལ་འདྲེན་ཤར་གཏོང་ལ་འགན་ལེན་བྱས་ཡོད། ས་གནས་དེ་རང་གི་དགུན་ཁའི་ཤིང་འབྲས་དང་སྔོ་ཚལ་ཟོག་ཁུངས་བཏོད་པར་ལྕག་སྐུལ་ཟམ་མི་ཆད་པར་གཏོང་བ་དང་ས་གནས་དེ་གའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་དང་འབྲེལ་གཏུག་བྱས་ཏེ། རྟེན་གཞིའི་སྔོ་ཚལ་ཐད་ཚོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྔོ་ཚལ་གཏོང་འདྲེན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས། མིག་སྔར་ཉིན་རེར་ཆ་སྙོམས་ཏུན་1800ཙམ་གཏོང་འདྲེན་བྱེད་ཀྱི་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།