ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
—— གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག
འདས་མ་ཐག་པའི་2023ལོར་མདུན་སྐྱོད་ཀྱི་གོམ་སྟབས་ཚང་མ་ནི་འགན་ཤེས་ཁུར་ལེན་དང་དཀའ་ངལ་ཁྱད་བསད་ཀྱིས་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་བྱས་པ་ཞིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དུང་བརྡའི་ཁྲོད་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་བྲག་ལྟར་བརྟན་པ་དང་དཀའ་ངལ་བསུ་བཞིན་མདུན་དུ་སྐྱོད་པ་དང་། མི་དམངས་དུང་ཕྱུར་མང་པོས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ཡོད།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་ནས་མི་དམངས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་བཅོལ་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ད་དུའང་རྣ་བར་ལྷང་ལྷང་དུ་གྲགས་ཤིང་། དེ་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དྲོ་སྐྱིད་ཆེན་པོ་ཚོར་བ་དང་། སྐུལ་ལྕག་ཆེན་པོ་ཐེབས་པ། ས་མཐོའི་བུ་ཕྲུག་གི་སྤྲོ་སེམས་རབ་ཏུ་འཕེལ་བ་བཅས་བྱུང་ནས། ངར་སེམས་ཆེར་སྐྱེད་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་དྲིན་ཚོར་འབད་འཐབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་བྱམས་སྐྱོང་དང་མངགས་བཅོལ་ཟབ་མོ་དེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་ཀྱི་བསམ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏིང་ཟབ་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་ཡོད།
2023ལོར་ང་ཚོས་ཚད་གཞི་མཐོ་པོའི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་དུ་བརྩི་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩི་བ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པ་དེ་ལས་འགན་གལ་ཆེན་དུ་བརྩི་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པ་ནང་གནས་ཀྱི་བླང་བྱར་བརྩི་བ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པ་འཐབ་ཇུས་ཀྱི་ལས་འགན་དུ་བརྩི་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་བ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རྩ་བའི་འགན་ལེན་དུ་བརྩི་བ་བཅས་མཐའ་འཁྱོངས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་བཏང་ཡོད།
གྲུབ་འབྲས་ནི་འབད་འཐབ་པ་མི་རེ་ངོ་རེར་དབང་བ་དང་འབད་འཐབ་པ་ཚང་མ་ནི་ཆེས་མཛེས་ཤོས་རེད། ལོ་དེར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“ཏན་ཏིག”གཙོ་བོར་བཟུང་བ་དང“དངོས་སྒྲུབ”སྔོན་ལ་བཞག་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་པས། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ལ་རེ་སྒུག་དང་། འཕེལ་རྒྱས་ལ་བརྩོན་ལེན། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་བསམ་འདུན་སྔར་བས་ཤུགས་ཆེར་ཕྱིན་པ། སྤྱི་ཚོགས་ཡོངས་ཀྱི་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་རྣམ་པ་ཇེ་ཟབ་ཏུ་ཕྱིན་པ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་བསམ་བློ་གཏོང་ས་གཅིག་ལ་བསམ་བློ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་ཤུགས་རྒྱག་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཡོད།
འདས་མ་ཐག་པའི་ལོ་དེར་ཕྱིར་དྲན་བྱས་ཚེ། བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་མི་དམངས་མང་ཚོགས་ཀྱི་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ནི་ལོ་དེའི་གྲུབ་འབྲས་ཀྱི་ཕྱོགས་སྡོམ་ཡག་ཤོས་རེད།
འོད་སྟོང་འབར་བའི་གྲུབ་འབྲས་ནི་ལོ་རྒྱུས་ཆགས་ཟིན་པ་དང་འབྱུང་འགྱུར་ནི་རེ་བས་ཁེངས་ཡོད། ལོ་གསར་པ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཡང་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་འདི་ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་དང་། དམིགས་ཚད་གསར་པ་དང་ལས་འགན་གསར་པར་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་360ལྷག་ཙམ་གྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་རྫོགས་མཐའ་མེད་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ངེས་རེད། མདུན་སྐྱོད་ཀྱི་འགྲོ་ལམ་ནི་ནམ་ཡང་ཀྱག་ཀྱོག་དང་དཀའ་ཚེགས་ཆེ། དུས་ཀྱི་མཚམས་ཚིགས་གསར་པར་ང་ཚོར་དཀའ་ངལ་འཕྲད་སྲིད་ལ་དེ་བས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་བྱ་ཐབས་ཡོད། ང་ཚོའི་རྒྱང་སྐྱོད་ཀྱི་ལམ་བུར་ཉེན་ཁ་ཡོད་ལ་ཉེན་ཁར་ཁ་གཏད་གཅོག་པའི་ཉམས་མྱོང་དང་སྟོབས་ཤུགས་དེ་བས་ཡོད། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྣམ་གྲངས་གལ་ཆེན་གྱི་འདེགས་སྐྱོར་ཤུགས་ཆེན། འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་ལེགས་སུ་འགྲོ་བ། ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ཚང་མས་ང་ཚོར“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཕུགས་འདུན་ལྡན་པ་དང་། གོ་སྐབས་ཡོད་པ། འབད་འཐབ་བྱེད་པ་བཅས་བྱས་ཚེ་མཛེས་སྡུག་ལྡན་པའི་བྱ་བ་མཐའ་དག་གསར་གཏོད་བྱེད་ཐུབ། ང་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་འདི་ལོའི་ལས་དོན་ཁག་ཡག་པོར་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་གཏོང་དགོས།
དེ་རིང་གི་འབད་བརྩོན་ནི་སང་ཉིན་གྱི་གཟི་བརྗིད་ཡིན། ང་ཚོས་ཡིད་ཆེས་བརྟན་པོ་དང་ངར་ཤུགས་གཅིག་སྒྲིལ་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ“ཇི་མ་ཇི་བཞིན་གྱི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན། དམ་པ་དོན་གཉེར་གྱི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན། བྱེད་ཕོད་པ་དང་སྒྲུབ་མཁས་པའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན”བཅས་ལས་དོན་གྱི་ཚད་གཞི་དང་བླང་བྱར་བརྩིས་ནས། རང་འགན་ནན་སྒྲུབ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་པ་དང་། སྙིང་རུས་གཏན་འཁྱོངས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཡུས་ཀུང་གིས་རི་བོ་སྤོས་པའི་བློ་སྟོབས་འཆང་བ། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་པའི་སྙིང་སྟོབས་འཆང་བ། རྒྱུན་སྲིང་ལྷོད་མེད་ངང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་པ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བྱས་རྗེས་འཇོག་པ་དང་། དམ་པ་དོན་གཉེར། བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་པ་དང་དངོས་སྒྲུབ་དང་ལས་རྗེས་དངོས་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་ལག་རྟགས་འབུལ་དགོས།