ཀྲུང་གོར་ཀོག་ཧྥེ་ཁང་གི་གྲངས་འབོར་མགྱོགས་མྱུར་འཕར་བ།
ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་པཱ་ལི་ཏེན་གྲོང་རྡལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། འདི་ནི་ཡུལ་སྐོར་བས་པཱ་ལི་ཏེན་གྲོང་རྡལ་ལུའུ་གྲོང་ཚོའི་ཀོག་ཧྥེ་ཁང་ཞིག་ཏུ་ངལ་གསོ་བའི་རྣམ་པ་ཡིན་པ།
འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོར་ཀོག་ཧྥེ་ཁང་གི་གྲངས་འབོར་58%འཕར་བ་དང་། མིག་སྔར་ཁྲི་5ཙམ་ཡོད་པ་རེད། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོར་ཀོག་ཧྥེ་ཁང་མང་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་ཡོད། ཨེ་ཤེ་ཡ་ཤར་མ་ཧྲིལ་པོར་ཀོག་ཧྥེ་ཁང་ཁྲི་12ཡོད་པ་དང་ཀྲུང་གོས་40%ཡན་བཟུང་ཡོད།
བློ་འདྲི་ཀུང་སི་ཨ་ལི་ཀེ་ལ་ཚོགས་པའི་མངའ་འོག་གི་ཞིབ་འཇུག་སྒྲིག་གཞིའི་སྙན་ཞུར་གཞིགས་ན། སང་ལོའི་ཟླ་བཅུ་གཅིག་བར་ཨེ་ཤེ་ཡ་ཤར་མར་ཀོག་ཧྥེ་ཁང་གི་གྲངས་འབོར་ཁྲི་13.65བར་མང་དུ་འགྲོ་རྒྱུ་ཡིན་ཞིང་། འབྱུང་འགྱུར་ལོ་5ཡི་ནང་ཁྲི་18.15ཟིན་རྒྱུ་རེད། དེའི་ནང་ཀྲུང་གོ་འདི་ཉིད་ཀོག་ཧྥེ་ལས་རིགས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་མགྱོགས་མྱུར་འགྱུར་རྒྱུ་རེད། མ་ལེ་ཞི་ཡ་དང་ཧྥི་ལི་ཕིན་ལའང་འདས་ཟིན་པའི་ལོ་གཅིག་ནང་གྲངས་གནས་གཉིས་འཕར་ནས། སྔོན་དཔག་བྱས་ན་དགེ་མཚན་ལྡན་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་རེད།
ཤིང་པ་ཁེ་ནི་མིག་སྔར་ཀྲུང་གོར་ཨང་གཉིས་པ་དང་ཨེ་ཤེ་ཡ་ཤར་མར་ཀོག་ཧྥེ་ཡི་མུ་འབྲེལ་ཚོང་ཁང་ཆེ་ཤོས་ཤིག་རེད། དེ་དང་ཆབས་ཅིག ཀྲུང་གོའི་རང་ཡུལ་གྱི་འགྲན་རྩོད་པས་ཁྲོམ་རའི་ཐོབ་སྐལ་དེ་བས་མང་བ་བརྩོན་ལེན་བྱེད་པ་དང་འབྲེལ། རྒྱལ་སྤྱིའི་ཁྲོམ་རར་རྒྱ་སྐྱེད་གཏོང་བཞིན་ཡོད།
—— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》གྱི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།