དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-31

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ངེས་པར་དུ་མངོན་འགྱུར་ཡོང་བའི་རྩ་བའི་འགན་ལེན་ཞིག་རེད་ཅེས་བསྟན་ཡོད། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་མི་རིགས་ཁག་ཚང་མ་གཉེན་ཉེ་ཡིན་པས། འདྲ་མཉམ་སྐྱོང་རེས་དང་། མཛའ་མཐུན་མཉམ་གནས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱེད་པར་ཟེར།

    ཀྲུང་ཧྭ་མི་རིགས་ཇི་སྲིད་བར་གནས་ཤིང་དར་རྒྱས་འབྱོར་ཕྱུག་ཡོང་དོན་ནི་ཁྱིམ་ཚང་གཅིག་ལྟར་གྱི་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་བྱུང་བ་ཞིག་རེད། མི་རིགས་ཁག་ལོ་ངོ་སྟོང་ཕྲག་དུ་མ་སྐྱས་སྤོ་དང་། ཚོང་དོན། གཉེན་སྒྲིག མཉམ་འདྲེས་བཅས་བྱེད་རིང་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་རྣམ་པ་ཞིག་ཆགས་ཡོད། ཉེ་རབས་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས། རྒྱལ་ཁབ་ཡུན་རིང་དབུལ་ཕོངས་ཉམས་ཞན་དང་མི་དམངས་བརྙན་བཅོས་ཚད་མེད་མྱོང་བའི་ལོ་རྒྱུས་མཇུག་འགྲིལ་ཏེ། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་འབྱོར་ཕྱུག་གི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་བརྩམས་ཡོད། “དབྱི་ཧའེ་མནའ་འབྲེལ”དང“ནོར་གནག་གསར་བརྗེ”“རི་བོ་ཀུན་ཏུ་སྟག་མའི་མེ་ཏོག་བཞད། གྲོང་ཚོ་ཚང་མར་དྲན་གསོའི་རྡོ་རིང་བཞེངས”དེ་བཞིན“འཇིག་རྟེན་འཕུར་སྐྱོད་ཆེད་དུ་འབྲོག་ར་ཡག་ཤོས་བློས་གཏོང་བྱེད”དང“ནང་མི་མི་རབས་གསུམ་གྱིས་རྒྱལ་ཁབ་ཀྱི་དོན་དུ་མཐའ་མཚམས་བརྟན་པོར་སྲུང་བ”སོགས་རང་དོན་རྒྱབ་སྐྱུར་གྱི་དཔེ་མཚོན་གྲངས་ཀྱིས་མི་ལང་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ཆེན་པོའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཕྱར་བ་གྲུ་འདེགས་དང་། འཆམ་མཐུན་མཉམ་གནས། ཐུན་མོང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ལ་མཉམ་དུ་སྐུལ་འདེད་གཏོང་བཞིན་ཡོད།

    མི་རིགས་མང་པོ་འདུས་སྡོད་ཁུལ་ཡིན་པའི་བོད་ལྗོངས་སུ་བོད་རིགས་དང་། རྒྱ་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་45ལྷག་ཙམ་ཡོད། བོད་རིགས་དང་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་91%ཡན་བཟུང་ཡོད། ཡུན་རིང་བོད་ལྗོངས་འཛུགས་སྐྲུན་བྱེད་རིང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་དང་གཡས་གཞོགས་གཡོན་འདེགས་ཀྱིས་མཐུན་སྒྲིལ་རོགས་རེས་དང་ཕན་ཚུན་བརྟེན་རེས་ཀྱི་བརྗིད་ཆེའི་ལེའུ་བརྩམས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་མཚོན་བྱེད་དུ་གྱུར་ཡོད། ད་ཆ“རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཕན་ཚུན་ཁ་འབྲལ་ཐབས་མེད་པ”བཅས་ཀྱི་འདུ་ཤེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བྱ་སྤྱོད་ཀྱི་རང་རྟོགས་སུ་གྱུར་པ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ”མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དོན་གཉེར་བྱེད་སར་གྱུར་ཡོད།

    མི་རིགས་མཐུན་སྒྲིལ་ནི་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གི་སྲོག་རྩ་ལྟ་བུར་གྱུར་པ་དང་། དེ་ནི་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ་ཡོང་བའི་རྨང་རྡོ་ལྟ་བུར་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཛེས་སྡུག་ལྡན་པའི་ལེའུ་རྩོམ་བཞིན་ཡོད་པས། བོད་ལྗོངས་ཀྱི་མ་འོངས་སྔར་བས་འོད་སྟོང་འཕྲོ་ལ་ངོ་མཚར་ལྡན་པ་ཞིག་ཡོང་ངེས་ཡིན་པ་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།