བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་བརྒྱུད་རིམ་ཧྲིལ་པོར“ཏན་ཏིག”མངོན་གསལ་དོད་པོ་ཡོང་བར་བྱེད་དགོས།
མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཙོ་བོ་རྫོང་རིམ་པར་སྤེལ་རྒྱུ་ཡིན་ཞིང་། ལས་དོན་དེར་ཕན་འབྲས་ཇི་འདྲ་ཐོན་མིན་དེ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། གནད་དོན་ཐག་གཅོད་དང་། ཕན་འབྲས་དངོས་ལ་མཐོང་ཆེན། ཕྱི་ཚུལ་རིང་ལུགས་མི་བྱེད་པ་བཅས་ནི། རྫོང་རིམ་པར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བླང་བྱ་ཁ་གསལ་ཞིག་རེད། བརྒྱུད་རིམ་ཧྲིལ་པོར“ཏན་ཏིག”མངོན་གསལ་དོད་པོ་ཡོང་བ་བྱས་ནས་མཐའ་དག་དོན་དངོས་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། བརྟག་དཔྱད་ཞིབ་འཇུག་ཐད་བྱ་ཐབས་ཏན་ཏིག་འདོན་པ། ལྟ་བཤེར་དག་ཐེར་ཐད་ཕན་འབྲས་ཏན་ཏིག་ཐོན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ངོ་མ་འཇོག་པ་བཅས་བྱེད་དགོས།
རྫོང་རིམ་པ་ནི་གོང་མཐུད་འོག་འདྲེན་གྱི་འགག་རྩའི་ལྷུ་ཚིགས་སུ་གནས་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་རྨང་གཞི་གལ་ཆེན་ཡིན། རྫོང་རིམ་པར་སྤེལ་བའི་བརྗོད་དོན་གཙོ་བོའི་སློབ་གསོས་ཐག་གཅོད་བྱེད་དགོས་པའི་གནད་དོན་དེ་བས་ཞིབ་ཕྲ་ཡོད་པས། ངེས་པར་དུ“ཏན་ཏིག”གི་བླང་བྱ་མཐའ་འཁྱོངས་དང་དོན་འཁྱོལ་ཞིབ་ཚགས་བྱེད་དགོས།
རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཡག་པོ་བྱེད་པར“ཏན་ཏིག”མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཕྱོགས་ཡོད། ཁོང་ཚོ་འཐབ་ཕྱོགས་དང་པོ་དང་དེ་བས་ཐག་ཉེ་བ་དང་། མང་ཚོགས་དང་དེ་བས་ཐག་ཉེ་བ། ཞིབ་ཕྲའི་གནད་དོན་དང་དེ་བས་ཐག་ཉེ་བ་བཅས་ཡོད་པས། རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཚེ། གཞི་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་ཐུབ། ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི“འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ”ཡིན་པའི་རྫོང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱས་ནས་སེམས་ལ་ཟུག་པར་སྐུལ་འདེད་བཏང་སྟེ། སློབ་སྦྱོང་གི་གྲུབ་འབྲས་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་དངོས་ལ་འགྱུར་བར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་ཏེ། གཏིང་ཟབ་དང་། ཏན་ཏིག ཞིབ་ཕྲ། གནད་སྨིན། ཕན་འབྲས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། དངོས་འབྲེལ་སེམས་རྣལ་དུ་འབེབས་པ་དང་ལུས་ཚུགས་པ། སྟབས་བསྟུན་བརྟག་ཞིབ་དང་། བཅའ་སྡོད་བརྟག་ཞིབ། བརྟག་ཞིབ་ཞིབ་ཚགས་བཅས་མང་ཙམ་བྱེད་པ། དོན་དངོས་ལ་རྟོག་ཞིབ་དང་། ཉམས་མྱོང་བསྡུ་ལེན། ཕྱི་ཚུལ་ཙམ་མི་བྱེད་པ་བཅས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས།
མངོན་གསལ་དོད་པའི་གནད་དོན་ལ་ལྟ་བཤེར་དག་ཐེར་བྱེད་རིང“ཏན་ཏིག”གི་རྣམ་པ་མངོན་པར་བྱེད་དགོས། ལྟ་བཤེར་དག་ཐེར་གྱི་བརྒྱུད་རིམ་དུ། རང་སྐྱོན་ཤེས་རྟོགས་དང་གྲི་དངོ་ནང་གཏད་ཀྱི་བློ་སྟོབས་ལ་བརྟེན་ནས་རང་སྐྱོན་ལ་མི་གཡོལ་བ་དང་མཁྲེགས་སར་གཏུགས་ཕོད་པར་བྱས་ཏེ་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
ཤེས་རྟོགས་བྱུང་བའི་གནད་དོན་ཐད“གཟེར་འདེབས་ཀྱི་སྙིང་སྟོབས”ལ་བརྟེན་ནས་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་དཀའ་གནད་སེལ་དགོས། དག་ཐེར་གྱི་གནད་དོན་ལ་དམིགས་ནས་གནད་དོན་རེ་རེ་བཞིན་སེལ་བ་དང་དོན་འཁྱོལ་བྱས་ཏེ་དག་ཐེར་མ་ཐུབ་བར་ལས་དོན་སྤེལ་མཚམས་མི་འཇོག་པ་དང་མང་ཚོགས་ཀྱིས་ཁས་མ་བླངས་བར་ལས་དོན་སྤེལ་མཚམས་མི་འཇོག་པའི་འགན་ལེན་བྱེད་དགོས། ལྟ་བཤེར་དག་ཐེར་བྱེད་རིང་། དོན་དངོས་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་སེལ་དགོས་པ་མ་ཟད། ད་དུང་ཕུགས་ལ་དམིགས་པ་དང་འབྱུང་འགྱུར་ལ་ཇུས་འགོད་བྱས་ནས། “མིག་སྔར་དག་ཐེར”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་བྱེད་ཐབས་ཡག་པོ་དང་ཉམས་མྱོང་ཡག་པོ་ལམ་ལུགས་སུ་འགྱུར་བར་བྱེད་པ་དང་ཡང་སྐོར་བསྐྱར་སྐོར་དུ་ཐོན་པའི་གནད་དོན་ལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྒྲིག་སྲོལ་དང་ལམ་ལུགས་བཟོ་བའི་ལས་དོན་ཡག་པོ་བསྒྲུབས་ནས་བསྐྱར་ལོག་མི་ཐེབས་པར་བྱེད་དགོས།
དམངས་ཕན་དམངས་བདེའི་བྱ་བ་དངོས་སྒྲུབ་རིང་ལག་བསྟར“ཏན་ཏིག”བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་དང་བྱ་ཐབས་དངོས་བཏོན་ནས་ཕན་འབྲས་དངོས་ཐོན་པ་མཐའ་འཁྱོངས་བྱེད་པ་ལས་ཕྱི་མཛེས་ནང་སྟོང་དང་། མགོ་བདེ་དྲན་འཕྲུལ། གྲངས་གཞི་རྫུན་མ་བཟོ་བ་བཅས་བྱ་མི་རུང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་མཐའ་འཁྱོངས་བྱེད་པ་ལས་ཁེ་སྤོགས་འདོད་གདུང་དང་། ཤ་རྔམ་བ་བསད། མི་རྒྱུ་གཉིས་བརླག་བཅས་བྱ་མི་རུང་། ཞིང་ནང་དང་མུ་ཁར་མང་ཙམ་སྐྱོད་པ་དང་། རྒྱུན་དུ་མང་ཚོགས་ཀྱི་ཁྱིམ་ཚང་གི་གནས་ཚུལ་ཉན་པ། མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་མང་ཙམ་འདྲི་བ་བཅས་བྱས་ཚེ། གཞི་ནས་གནས་ཚུལ་དངོས་མཐིལ་རྟོགས་ཐུབ་ལ། དམངས་ཀྱི་འདོད་བློ་གསལ་པོར་རྟོགས་ནས་ལས་དོན་ཏག་ཏིག་སྒྲུབ་ཐུབ་པ་མ་ཟད། གང་དུ་དཔོན་གནས་ཁུར་ན་དེ་གར་ཕན་བདེ་སྐྲུན་ཐུབ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རིང་། ས་གནས་ཁག་དང་སྡེ་ཁག་ཁག་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“བརྒྱུད་རིམ་ཧྲིལ་པོར‘ཏན་ཏིག’གི་རྣམ་པ་མངོན་པ་སྤྱོད་བཟང་ལ་བརྩིས་ནས་དོན་གཉེར་དང་། འཇོན་ཐང་ལ་བརྩིས་ནས་སྟངས་འཛིན། འགན་འཁྲིར་བརྩིས་ནས་ཐེག་པ་འཁུར་ལེན་བཅས་བྱས་ཏེ་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱིས་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་བྱས་རྗེས་ཧུར་ཐག་འཇོག་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཏན་ཏིག་གི་ལས་ཀའི་བྱེད་ཐབས། ཕུལ་བྱུང་གི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་ཕན་འབྲས་དངོས་ཐོན་པར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)