དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་རྫོང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དམངས་འཚོའི་གནད་དོན་མཐུན་སྦྱོར་ཐག་གཅོད་ཀྱི་ལམ་སྲོལ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་མེ།   |     སྤེལ་དུས།  2023-12-30

    ཟླ་12ཚེས་26ཉིན་གྱི་ཆུ་ཚོད་18ལ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་རྫོང་གི་ཏང་དམངས་ཞབས་ཞུའི་ལས་དོན་ཚོགས་ཆུང་གི་འགན་འཁུར་བའི་ཁ་པར་གྱི་སྒྲ་བར་མཚམས་མེད་པར་གྲགས་ཤིང་། དེ་ནི་ཀོན་ཐིང་གྲོང་རྡལ་ཀོན་ཏུང་གྲོང་ཚོའི་ཅི་ཐའེ་ལམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཀོད་སྒྲིག་ས་ཚིགས་ཀྱི་སྒྲོམ་ཁང་བསྒྲིགས་ཟིན་ནའང་གློག་འཁྲིད་མ་ཐུབ་སྟབས། ཅི་ཐའེ་ལམ་གྱི་བཀོད་སྒྲིག་ས་ཚིགས་ཀྱི་འགོ་དཔོན་ཀྲང་ཤའོ་ཧོ་ཡིས་མཐུན་སྦྱོར་ཐག་གཅོད་བྱེད་རོགས་ཞུ་བའི་ཁ་པར་ཡིན་པ་རེད།

    ཀྲང་ཤའོ་ཧོ་ཡི་ཁ་པར་འབྱོར་རྗེས། རྨིན་ཧོ་རྫོང་ཏང་དམངས་ཞབས་ཞུའི་ལས་དོན་ཚོགས་ཆུང་གིས་འཕྲལ་མར་གློག་ཤུགས་སྡེ་ཚན་ལ་འབྲེལ་བ་བྱས་ཤིང་། གློག་ཤུགས་སྡེ་ཚན་ལ་ལས་མི་མི་འདང་བ་དང་ལས་ཚེགས་ཆེ་བ་སོགས་ཀྱིས་རྐྱེན་པས། མཚོ་ཤར་གྲོང་ཁྱེར་གློག་ཤུགས་སྡེ་ཚན་ལ་གང་མགྱོགས་མྱུར་བཟོ་རུ་ཁག་གཏོང་རོགས་ཞུས་ནས་ཐོ་རེངས་བར་མྱུར་བཟོ་བྱས་པ་བརྒྱུད། ཆུ་ཚོད་གསུམ་སོང་རྗེས་ཅི་ཐའེ་བཀོད་སྒྲིག་ས་ཚིགས་ཡོངས་ལ་གློག་གཏོང་ཐུབ་པ་རེད།

    མིག་སྔར། རྨིན་ཧོ་རྫོང་གི་ས་ཡོམ་གེགས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་རིམ་བཞིན་སླར་གསོ་བྱུང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ལུགས་མཐུན་བྱུང་ཡོད། གཅིག་སྡུད་བཀོད་སྒྲིག་བྱེད་སྐབས་རྨིན་ཧོ་རྫོང་གིས“ཡོད་པ་དྲུག་དང་དོན་འཁྱོལ་དྲུག”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཁག་ཏུ་ཆུ་གློག་དང་། དྲོད་རླངས། སྤྱི་པའི་གསང་སྤྱོད། འཚོ་བའི་གད་སྙིགས་བསྡུ་ས། ཏང་དམངས་ལས་དོན་ས་ཚིགས། སྨན་བཅོས་ཞབས་འདེགས་བཅས“ཡོད་པ་དྲུག”གི་ཚད་གཞི་དོན་འཁྱོལ་མཐའ་འཁྱོངས་བྱས་པ་རེད། དེ་དང་དུས་མཚུངས། བཀོད་སྒྲིག་ས་ཚིགས་ཀྱི་འགོ་དཔོན་གྱི་འགན་འཁུར་ལམ་ལུགས་དང་། བཀོད་འདོམས་ལས་དོན་གྱི་འཕྲིན་གཏོང་འབྲེལ་གཏུག བདེ་འཇགས་སྐོར་ཞིབ། རོགས་རེས་ཀྱི་ལམ་སྲོལ། འགལ་ཟླ་འདུམ་འགྲིག དང་བླངས་ཞབས་འདེགས་བཅས“དོན་འཁྱོལ་དྲུག”གི་ལམ་སྲོལ་ལག་ལེན་བསྟར་ཏེ་གེགས་ཁུལ་དུ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་རེད།

    གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་མི་མང་བ་དང་དོ་དམ་བྱེད་དཀའ་བའི་གནད་དོན་ལ་དམིགས་ནས། རྨིན་ཧོ་རྫོང་གིས་རྫོང་རིམ་པའི་སྡེ་ཚན་དང་ལས་ཁུངས་དང་ཤང་གྲོང་ཁག་ནས་ཁོའོ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་64གང་མགྱོགས་བཀོད་སྒྲིག་ས་ཚིགས་སུ་འགོ་དཔོན(འགོ་དཔོན་དང་སྐབས་འཕྲལ་ཏང་ཀྲི་པུའི་ཧྲུའུ་ཅི་གཅིག་ལྕོགས)ལ་མངགས་ཤིང་། འགན་དབང་ཁ་གསལ་དང་། ལས་བགོས་ཁ་གསལ། རེ་ཞུ་ཐོགས་མེད་བཅས་ཀྱི“འགོ་དཔོན་གྱིས་བོས་མ་ཐག་སྡེ་ཚན་གྱིས་འབྱོར་ཐོ་འགོད་པའི”དམངས་འཚོའི་གནད་དོན་མྱུར་སྒྲུབ་ལམ་སྲོལ་ལག་ལེན་བསྟར་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི“སེམས་ཁྲལ་དང་། དཀའ་ངལ། འཕྲལ་མཁོ། རེ་སྒུག”དུས་ཐོག་ཏུ་ཤེས་པ་དང་། མྱུར་དུ་བརྡ་ལན་སློག་པ། ལས་ཕྱོད་ཆེན་པོས་སྒྲུབ་པ་བཅས་ཀྱི་སྒོ་ནས“དམངས་ཀྱི་རེ་འབོད་ལ། ང་ཡིས་བརྡ་ལན་ཞུ”བའི་འབོད་ཚིག་ལག་ལེན་དངོས་སུ་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད།

    “གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་སྐབས། ང་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། སྟོབས་ཤུགས་དང་ཐོན་ཁུངས་གཙོ་བོ་གཤམ་ལ་སྤྲོད་པར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ། ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པ། ཞབས་འདེགས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། དོན་དག་ཚང་མར་ལན་གསལ་པོ་ཡོད་པ་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཚོས་ཏང་གི་དྲོ་སྐྱིད་དངོས་འབྲེལ་དྲང་འབྲེལ་ཚོར་ཐུབ་པར་བྱེད་ཀྱི་ཡོད”ཅེས་མིན་ཧོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧོའུ་ཆོན་མིང་གིས་བཤད།

    གང་དུ་མང་ཚོགས་ཡོད་ན་དེ་གར་ཏང་རྩ་འཛུགས་དང་ཏང་ཡོན་ཡོད། རྨིན་ཧོ་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་དང་འཐབ་འཛིང་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་ཏེ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་པའི་འགན་འཁྲི་ལྕི་མོ་རང་འགུལ་ངང་འཁུར་ཞིང་། མིག་སྔའི་བར་རྫོང་ཡོངས་ཀྱི་བཀོད་སྒྲིག་ས་ཚིགས་ཁག་91ཚང་མར་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་མང་ཚོགས་ཁྲོད་དུ་ཀྲི་པུའུ་འཛུགས་པ་དང་། གནད་འགག་ཆེ་སར་ཏང་དར་འཛུགས་པ། དོ་དམ་ཡོངས་ལ་ཁྱབ་པ་བཅས་དང་། ཀྲི་པུའུ་ཡིས་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་སྒྲིག་འཛུགས་བྱས་ནས་ཁོང་ཚོའི་ཐོན་སྐྱེད་རང་སྐྱོབ་དང་རོགས་རེས་ལ་ཁྲིད་སྟོན་བྱས་ཏེ་ཕྱར་བ་གྲུ་འདེགས་ཀྱིས་འགྲོ་ལམ་གཤོང་བ་དང་། ཁོར་ཡུག་བཅོས་སྐྱོང་། གད་སྙིགས་གཙང་ཕྱགས་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།

    “ཏང་ཀྲི་པུའུ་ཚང་མ་གནས་སྐབས་བཙུགས་པ་ཡིན་མོད། འོན་ཀྱང་ང་ཚོའི་ལས་ཀར་གནས་སྐབས་ཟེར་བ་མེད་ལ་ནུས་ཤུགས་འདོན་པའང་དེ་བས་གནས་སྐབས་ཙམ་མིན། འགོ་དཔོན་ཚང་མས་ཧུར་ཐག་འབད་ཐག་གིས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་བཏོན་ཏེ། མང་ཚོགས་ཀྱི་སེམས་ཤུགས་འཕེལ་བ་དང་དཀའ་གནད་ལས་སྒྲོལ་བར་སྣེ་འཁྲིད་ཀྱི་ཡོད”ཅེས་ཀྲུང་ཁྲོན་ཤང་ཧོ་ཤིས་གྲོང་ཚོའི་སློབ་ཆུང་ཐང་ཆེན་གྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཀྱི་འགོ་དཔོན་དང་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཝུན་ཆང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།