དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་སྐུ་འབུམ་ཆུས་ཀྱི་དངུལ་ཟངས་རྡུང་བའི་ལག་ཤེས་རྙིང་པ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-30

    འདི་ནི་ཟླ་12ཚེས་22ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ལུའུ་ཧྲར་གྲོང་རྡལ་དབྱང་ཕོ་གྲོང་ཚོའི་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་རྟེན་གཞིར་ཝང་ཧྥུའུ་པང་གིས་ལས་ཀ་སྒྲུབ་ཡུལ་དུ་ལག་ཆ་སྒྲིག་བཞིན་པ།

    དགུན་ཉི་ལྡོག་རྗེས་ས་མཐོའི་གང་སར་ཞིང་དལ་གྱི་སྐབས་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ལུའུ་ཧྲར་གྲོང་རྡལ་དབྱང་ཕོ་གྲོང་ཚོའི་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་རྟེན་གཞིར་ལག་ཤེས་པ་ཝང་ཧྥུའུ་པང་གིས་དགེ་ཕྲུག་ཚོ་དང་མཉམ་དུ་ལས་ཀ་བྱེད་བཞིན་འདུག

    “ཏིང་ཏིང་ཏང་ཏང……”ཞེས་ཐོག་སོ་གཉིས་པ་ནས་ལས་ཀ་བྱེད་པའི་སྒྲ་ལྷང་ལྷང་དུ་གྲགས། བཟོ་བོ་ལ་ལ་ལས་སྟེགས་ཀྱི་མདུན་དུ་བསྡད་དེ་ཇུས་འགོད་དཔེ་རིས་ལྟར་དངུལ་རྒྱན་རྐོ་བཞིན་ཡོད་ཅིང་། ཝང་ཧྥུའུ་པང་གིས“ལུང་པའི་ལག་ཤེས་པར་མཚོན་ན། གསེར་དངུལ་ཟངས་ལྕགས་རྡུང་བའི་སྒྲ་ནི་ཕྱུག་འགྱུར་གྱི་སྙན་དབྱངས་དང་གཅིག་པ་རེད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་སྐུ་འབུམ་ཆུས་ཀྱི“དངུལ་ཟངས་རྡུང་བཟོ་དང་གསེར་ཚགས་ལག་རྩལ”ལ་ལོ་ངོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། 2011ལོར་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གསུམ་པར་བཅུག་ཡོད། དངུལ་ཟངས་རྡུང་བཟོ་དང་གསེར་ཚགས་ལག་རྩལ་གྱི་ལས་རིམ་རྙོག་འཛིང་ཆེ་བའི་ཁར་དེ་དག་བཟོ་བར་དངུལ་སྦྱང་དང་། ཚགས་རྐོས། འོད་འདོན་པ་སོགས་ལས་རིམ་བཅུ་ལྷག་ཡོད་པ་རེད།

    ཝང་ཧྥུའུ་པང་གིས་དངུལ་ཆས་ལས་སྣོན་ལས་ཀ་བྱས་ནས་ལོ་29སོང་ཞིང་། ད་ལྟ་ཁོང་ནི“དངུལ་ཟངས་རྡུང་བཟོ་དང་གསེར་ཚགས་ལག་རྩལ”གྱི་ཆུས་རིམ་པའི་རྒྱུན་འཛིན་པ་དང་ཞིང་ཆེན་རིམ་པའི་རིམ་པ་དང་པོའི་བཟོ་རྩལ་མཁས་ཅན་རེད། ཁོང་གིས། སྔོན་ཆད་ལག་ཤེས་པ་མང་ཆེ་བས་ལས་ཀ་སོ་སོར་བྱེད་ཀྱི་ཡོད་པས་ཐོན་ལས་ཤིག་ཆགས་མེད་ལ་ཡོང་འབབ་ཀྱང་འཕར་མེད། ན་གཞོན་ཁག་གཅིག་ཕྱིར་གླ་པ་རྒྱུག་པར་འགྲོ་བ་ལས་ལག་རྩལ་རྒྱུན་འཛིན་བྱེད་འདོད་མེད་ཅེས་བཤད།

    གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། 2021ལོར་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་མཉམ་ལས་གོ་སྐབས་སུ་བྱས་ཏེ་ཅང་སུའུ་ནན་ཅིང་ཆི་ཞ་ཆུས་ཀྱིས་སྐུ་འབུམ་ཆུས་ལ་ཁ་གཏད་རོགས་སྐྱོར་བྱས་ཤིང་། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་བཏོན་ནས་དངུལ་ཟངས་ཡོ་བྱད་ལས་སྣོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ལས་ཇུས་འགོད་བྱས་པ་མ་ཟད། རྒྱ་ཁྱོན་མུའུ་90ལྷག་ཙམ་ཟིན་པའི་ལུའུ་ཧྲར་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་རྟེན་གཞི་བསྐྲུན་པ་དང་། “མ་རྐང་མཉམ་ལས་ཁང+རྟེན་གཞི+ཞིང་དུད”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པར། གྲོང་ཚོ་ཡོངས་ཀྱི་དུད་ཚང་400ལྷག་ཙམ་དང་གྲོང་མི་40%ཙམ་ལ་ལག་རྩལ་དེ་ལས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། གླིང་ཁུལ་དུ“མདུན་ངོས་ཚོང་ཁང་དང་རྒྱབ་ངོས་སྒོ་ར”ཡིན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་ཁང་ཁག་30ལྷག་ཙམ་ཡོད་ཅིང་། ད་ཆ་དབྱང་ཕོ་གྲོང་ཚོ་དང་དེ་བཞིན་ཉེ་འཁོར་གྲོང་ཚོའི་མཉམ་ལས་ཁང་དང་ཁེར་རྐྱང་ཚོང་དུད་བཅའ་སྡོད་བྱས་ནས་གཙོ་བོ་དངུལ་ཟངས་ཀྱི་ཡོ་བྱད་ལ་ལས་སྣོན་དང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་འཚོང་བཞིན་ཡོད་པ་རེད།

    ས་གནས་དེ་གའི་སྲོལ་རྒྱུན་བཟོ་རྩལ་གྱི་སྤུས་ཚད་དང་ཐོན་ལས་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་ཆེད། ཆི་ཞ་ཆུས་ཀྱིས་སྐུ་འབུམ་ཆུས་ལ་གཞོགས་འདེགས་ཀྱིས“རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་སྒྱུ་རྩལ”ཞེས་པའི་སྤུས་རྟགས་ཐོ་འགོད་བྱས་ནས་སྐད་གྲགས་ཆེ་རུ་བཏང་བ་མ་ཟད། ནན་ཅིང་ཆི་ཞ་ཧྲན་རིག་གནས་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་རྨ་ཆུ་དང་ཙོང་ཆུའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་ཚོང་ལྟེ་གནས་ཀྱང་བཙུགས་པ་རེད། 2021ལོར་རྟེན་གཞིའི་གསེར་དངུལ་ཟངས་ཆས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ལས་བརྒལ་བ་རེད།

    ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་གྲོང་མིའི་ཡོང་འབབ་འཕར་བར་སྐུལ་མ་ཐེབས་པ་མ་ཟད། ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལའང་སྐུལ་མ་ཐེབས་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་སྔར་བས་མང་བ་མཚོ་སྔོན་ནས་ཡུལ་ཕྱོགས་གཞན་དུ་བཙོངས་ཐུབ་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་28ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།