དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྱུང་འགྱུར་ཁ་ཕྱོགས་ལ་དཔྱད་བསྡུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-30

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་ཐོག《གླེང་མང་དུ་སོང་བ》ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད། དེའི་ནང་དོན་གཙོ་བོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་ཁོར་ཡུག་ཆེན་པོའི་འོག་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྱུང་འགྱུར་ཅི་འདྲ་ཞིག་ཏུ་འགྱུར་མིན་ཐད་དཔྱད་བསྡུར་བྱས་པ་དེ་རེད།

    རྩོམ་ཡིག་ནང་། དྲོད་ཁང་ཚ་ནུས་ཀྱི་དབང་གིས་གོ་ལ་ཧྲིལ་པོའི་དྲོད་ཚད་བརྟན་པོའི་ངང་འཕར་བཞིན་ཡོད་པ་དང་གངས་འཁྱགས་བཞུར་ནས་དགུན་དུས་ཀྱི་རྣམ་གྲངས་མང་དག་ཅིག་སྤེལ་ཐབས་མེད་པར་བརྟེན། དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་འཇིགས་ཉེན་ཆེན་པོ་བཟོས་ཡོད་ཅེས་འཁོད་ཡོད་པ་མ་ཟད། ད་དུང་རྩོམ་ཡིག་ནང“2024ལོར་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བའི་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོ་བསུ་རྒྱུ་ཡིན་ལ། འཛམ་གླིང་ཐོག་གི་གངས་འཁྱགས་ལུས་རྩལ་གྱི་དགའ་སྟོན་གཟབ་རྒྱས་དེར་གནོན་ཤུགས་ཆེན་པོའང་འཕྲད་ཀྱི་རེད”ཅེས་འཁོད་ཡོད།

    རྩོམ་ཡིག་ནང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྱུང་འགྱུར་ལ་སྔོན་དཔག་ཁག་གཅིག་ཀྱང་བྱས་ཡོད་ཅིང་། “2026ལོའི་སྨི་ལན་—ཁོར་ཏི་ན་ཏན་ཕེ་ཙུའོ་དགུན་དུས་ཨོ་རྩལ་འགྲན་ཚོགས་དབྱི་ཐ་ལིའི་བྱང་རྒྱུད་ཀྱི་ས་ཁོངས་ཆེན་པོ་ཞིག་ཏུ་གཉེར་རྒྱུ་ཡིན་ཞིང་། བྱེད་སྟངས་དེ་རིགས་མུ་མཐུད་འཕེལ་རྒྱས་ཕྱིན་ཚེ་ས་ཁོངས་ཀྱི་ཨོ་རྩལ་འགྲན་ཚོགས་སམ་ཡང་ན་རྒྱལ་ཁབ་མང་པོའི་ཨོ་རྩལ་འགྲན་ཚོགས་སུ་འགྱུར་ངེས་རེད”ཅེས་འཁོད་ཡོད་པ་རེད།

    མཇུག་ཏུ་རྩོམ་ཡིག་ནང“ཆ་རྐྱེན་ཇི་ཙམ་ཞན་ཡང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ལེགས་བཅོས་ཟམ་མི་ཆད་པར་བྱེད་པ་དང་འབྲེལ། དེ་ཁོ་ནར་གཏོགས་པའི་གནས་བབ་རྒྱུན་འཁྱོངས་ཐུབ་ངེས་ཡིན་པ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་ལ་གདེང་ཚོད་ཡོད”ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།