དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་བསྒྲགས་གཏམ་ལ་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-30

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲེང་པི་ཏེ་པའོ་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་ཟླ་12ཚེས་25ཉིན་གྱི་དགོང་མོར་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཨུ་རུ་སུའི་གྲོང་ཁྱེར་ཧྲེང་པི་ཏེ་པའོ་རུ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་པ་དང་འབྲེལ། དཔལ་འབྱོར་འཕེལ་རྒྱས་ཀྱི་བསྒྲགས་གཏམ་སོགས་ཡིག་ཆ་མང་པོར་མིང་རྟགས་བཀོད་ནས་མཉམ་ལས་སྔར་བས་གཏིང་ཟབ་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།

    ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁེ། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ། ཨར་མེ་ཉི་ཡའི་ཙུང་ལི་ཕ་ཧྲི་ཉི་དབྱང་སོགས་དེ་ཉིན་གྱི་ཚོགས་འདུར་ཞུགས་ཡོད། ཕྱོགས་ཁག་གིས་འདས་ཟིན་པའི་ལོ་ཁ་ཤས་རིང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་མཉམ་ལས་གྲུབ་འབྲས་དང་འབྱུང་འགྱུར་གྱི་མཉམ་ལས་མདུན་ལམ་ལ་གྲོས་བསྡུར་བྱས་པ་དང་འབྲེལ། མནའ་འབྲེལ་གྱི་2030ལོ་བར་དང་2045ལོ་བར་གྱི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་སྐོར་གྱི་བསྒྲགས་གཏམ་དང་། མནའ་འབྲེལ་གྱི་2024ལོའི་རྒྱལ་སྤྱིའི་བྱེད་སྒོའི་ཁ་ཕྱོགས་གཙོ་བོའི་སྐོར་གྱི་ཡིག་ཆ། མནའ་འབྲེལ་གྱི་2024ལོ་དང་2025ལོའི་གཞི་ཆེན་དཔལ་འབྱོར་སྲིད་ཇུས་ཀྱི་བྱེད་ཕྱོགས་གཙོ་བོའི་སྐོར་གྱི་ཡིག་ཆ་སོགས་ལ་མིང་རྟགས་བཀོད་པ་རེད།

    ཚོགས་འདུར་ཕུའུ་ཅིང་གིས། དཔལ་འབྱོར་འཕེལ་རྒྱས་ཀྱི་བསྒྲགས་གཏམ་ནི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་གསར་པ་ཞིག་ཡིན་པ་དང་། དེས་འགག་རྩའི་ལས་རིགས་སུ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་བྱ་ཐབས་གསལ་སྟོན་བྱས་པ་དང་འབྲེལ། མཉམ་འགུལ་ཁྱབ་ཁོངས་གསར་པ་གཏན་འཁེལ་ཡང་བྱས་ཡོད་ཅེས་བརྗོད་པ་དང་། ཁོང་གིས། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་བཙུགས་ནས་ལོ་བཅུ་ཙམ་སོང་རིང་ཁོངས་མིའི་རྒྱལ་ཁབ་དབར་གྱི་ཚོང་དོན་དངུལ་འབོར་ཧ་ལམ་ལྡབ་འཕར་བྱུང་ནས་རྒྱལ་ཁབ་ཁག་གི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་1.6ནས་ཁྲི་2.5བར་འཕར་ཡོད་ཅེས་བརྗོད་པ་རེད།

    གཞན་ཡང་། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་5ཡི་འཐུས་མིས་དེ་ཉིན་དབྱི་རན་སྲིད་གཞུང་གི་འཐུས་མི་དང་ཕྱོགས་ཡོངས་ཀྱི་རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་བཀོད་དེ་2019ལོ་ནས་ལག་བསྟར་བྱས་པའི་གནས་སྐབས་ཚོང་དོན་གྲོས་ཆོད་ཀྱི་ཚབ་བྱས་པ་རེད།

    2024ལོའི་ཟླ་1ཚེས་1ཉིན་ཨར་མེ་ཉི་ཡས་ཨུ་རུ་སུའི་ཚབ་བྱས་ནས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་2024ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།