དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་གྱིས་བརྗོད་དོན།

    མིག་སྔའི་དབུགས་ལམ་ནད་གཞིའི་གཞི་རྐྱེན་གཙོ་བོ་ཆམ་རིམས་ནད་དུག་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2023ལོའི་ཟླ་12ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། ཀྲུང་གོ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་འགོ་ནད་དོ་དམ་ཁྲུའི་དབུགས་ལམ་འགོ་ནད་ཁང་གི་ཀྲུའུ་རེན་ཕེང་ཀྲི་པིང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག འདི་ལོའི་དགུན་ཁ་ཤར་ཚུན། རང་རྒྱལ་དུ་དབུགས་ལམ་ནད་གཞིའི་གཞི་རྐྱེན་སྣ་ཚོགས་རེས་མོས་སམ་ཡང་ན་མཉམ་དུ་མཆེད་པའི་རྣམ་པ་ཞིག་མངོན་ཞིང་། མིག་སྔར་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་བལྟས་ཚེ། དབུགས་ལམ་ནད་གཞིའི་གཞི་རྐྱེན་གཙོ་བོ་ཆམ་རིམས་ཀྱི་ནད་དུག་ཡིན་པས། ཞིང་ཆེན་མང་པོར་ཆམ་རིམས་མཆེད་མང་བའི་དུས་སུ་སླེབས་པ་དང་། དེ་ནས་རིམ་བཞིན་ཆག་པའི་རྣམ་པ་ཞིག་མངོན་ཡོད། གློ་ཚད་ཕྲ་གྱེས་གདོད་གཟུགས་དང་། གཤེར་རྨན་ནད་དུག དབུགས་ལམ་གྱི་མཉམ་འདུས་ནད་དུག་སོགས་ནད་གཞིའི་གཞི་རྐྱེན་མཆེད་ཚུལ་ཅུང་ཆུང་བའི་འཕར་ཆག་རྣམ་པ་ཞིག་མངོན་ལ། ཏོག་གསར་རིམས་ནད་མཆེད་ཚུལ་ཁྱབ་ཆུང་བའི་རྣམ་པ་ཞིག་ཀྱང་མངོན་ཡོད་ཅེས་བརྗོད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨི་ཧྥུང་གིས་དྲན་སྐུལ་བྱས་དོན། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་ཉིན་མོ་སླེབས་ལ་ཉེ་བའི་སྐབས། གཉེན་ཉེ་དང་གྲོགས་པོ་ཐུག་པར་འགྲོ་བ་དང་། ཡུལ་སྐོར་ལ་སྐྱོད་པ། མཉམ་དུ་འཛོམས་ནས་བཟའ་བཏུང་བྱེད་པ་སོགས་མི་སྣ་འགྲོ་འོང་དང་འདུ་འཛོམས་མང་བས་དབུགས་ལམ་ནད་གཞི་མཆེད་པའི་ཉེན་ཁའང་ཆེ་རུ་འགྲོ་སྲིད་པར་བརྟེན། ལྟ་སྐུལ་ཚད་ལེན་གྱི་སྔོན་བརྡ་གཏོང་བ་དང་ཉེན་ཁར་ཚོད་སྐོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ནད་གཞིའི་གཞི་རྐྱེན་མི་འདྲ་བ་མཆེད་པའི་ཁྱད་ཆོས་དང་ནད་གཞིའི་གཞི་རྐྱེན་རྒྱུད་ཁྲིད་ཀྱི་འགྱུར་ལྡོག་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས་པ་དང་། སྒོ་བསྟེན་དང་། དོས་དྲག བྱིས་པའི་ཚན་ཁག དབུགས་ལམ། ནད་གཞི་ལྕི་བ་སོགས་ཀྱི་སྨན་བཅོས་སྟོབས་ཤུགས་འདང་ངེས་དགོས་པ། རིམ་པ་གཉིས་ཡན་གྱི་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཚ་རྒྱས་སྨན་བཅོས་ཁང་འཛུགས་དགོས་རིགས་འཛུགས་པ་དང་སྒོ་ཕྱེ་དགོས་རིགས་འབྱེད་དགོས།

    སློབ་གྲྭ་དང་། རྒན་གསོ་ཁང་། བུ་བཅོལ་ཁང་དང་བྱིས་གསོ་ཁང་། སྤྱི་ཚོགས་ཀྱི་ཕན་བདེའི་སྒྲིག་གཞི་སོགས་གཙོ་གནད་བྱེད་སྒོ་སྤེལ་ཡུལ་དང་དེ་བཞིན་མཁའ་རླུང་འགྲོ་རྒྱུག་མེད་སར་མི་སྒེར་གྱི་འགོག་སྲུང་དང་། བདེ་ཐང་ལྟ་ཞིབ་ཚད་ལེན། རླུང་འགྲོ་ཡོད་པ། དུག་སེལ། འགྲོ་འོང་དོ་དམ་སོགས་བྱས་ནས་རྒན་འཁོགས་དང་། བྱིས་པ། སྦྲུམ་མ། གཅོང་ནད་ནད་པ་སོགས་གཙོ་གནད་མི་ཚོགས་ལ་བདེ་ཐང་ཞབས་ཞུའི་དོ་དམ་སྔར་བས་ཡག་པོ་བྱེད་དགོས་པ་མ་ཟད། སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་པ་དང་། ལག་པ་ཡང་སེ་བཀྲུ་བ། རྒྱུན་དུ་རླུང་འགྲོ་ཡོད་པ། ཕན་ཚུན་འགྲོ་འོང་ཉུང་ཙམ་བྱེད་པ་སོགས་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས་ཟས་སྤྱོད་ལུགས་མཐུན་བསྟེན་པ་དང་། ལུས་རྩལ་འོས་འཚམ་རྩེ་བ། ཐ་མག་དང་ཨ་རག་གཅོད་པ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པ་སོགས་བདེ་ཐང་དང་ཡ་རབས་ལྡན་པའི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།