དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཕ་ཡུལ་དུ་ལོག་པའི་གཞོན་ནུ་ཀརྨ་བསམ་གྲུབ།

    ཞིང་པ་གསར་པས་གྲོང་གསེབ་གསར་པ་གཏོད་པར་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-30

    “དེ་རིང་ངས་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་པའི་ཞུ་ཡིག་ཕུལ་བ་ཡིན། ཏང་རྩ་འཛུགས་ལ་ཉེ་བཅར་དང་ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ནན་པོ་བཏོན་ཏེ། ཏང་རྩ་འཛུགས་ནང་སྔ་ཙམ་ཞུགས་ཐུབ་པའི་བརྩོན་ལེན་བྱས་ནས་གུང་ཁྲན་རིང་ལུགས་ཆེད་ཚེ་གང་འབད་བརྩོན་བྱེད་ཀྱི་ཡིན”ཉེ་ཆར་ཀརྨ་བསམ་གྲུབ་ཀྱིས་རང་ཉིད་གནས་སའི་གྲོང་ཚོའི་ཏང་ཀྲི་པུའུ་ལ་ཏང་ནང་ཞུགས་པའི་ཞུ་ཡིག་ཕུལ་ཞིང་། ཞུ་ཡིག་ནང་གོང་གསལ་ལྟར་བྲིས་ཡོད།

    ཀརྨ་བསམ་གྲུབ་ནི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་བྱེ་ཆུང་ཤང་བྱེ་ཆེན་གྲོང་ཚོ་ནས་རེད། ཁོང་གི་སྐོར་གླེང་སྐབས་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚང་མས་ཁོང་ནི་ཕ་མར་སྲི་ཞུ་ཆེ་བ་དང་། འབད་བརྩོན་ཆེ་བ། སེམས་རྩ་འཁོལ་བ་བཅས་ཀྱི་མི་ཞིག་རེད་ཅེས་བཤད།

    2019ལོར། ཀརྨ་བསམ་གྲུབ་ཀྱིས་ཕ་ཡུལ་དུ་ལོག་ནས་ཕ་མར་ལྟ་རྟོག་བྱ་རྒྱུའི་གདམ་ག་བྱས། “དང་ཐོག་གདམ་ག་གང་འདྲ་བྱེད་མིན་ཐད་རང་ཉིད་ཐེ་ཚོམ་གྱི་གནས་སུ་གྱར་བྱུང་། ཕ་མ་གཉིས་ཀ་ལོ་ན་མཐོ་བ་དང་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་རང་ཉིད་ལས་མེད་པས་ཕ་ཡུལ་དུ་ལོག་པའི་སེམས་ཐག་བཅད་པ་ཡིན། འོན་ཀྱང་གྲོང་གསེབ་ཀྱི་ས་གཞི་ཡངས་ཤིང་རྒྱ་ཆེ་བས་རང་ལ་འཇོན་ཐང་ཡོད་ན་གང་བྱས་བྱས་ཡོད་པའི་ཡིད་ཆེས་རྙེད་བྱུང”ཞེས་ཀརྨ་བསམ་གྲུབ་ཀྱིས་གདེང་ཚོད་ཆེན་པོས་བཤད།

    ཁྱིམ་དུ་ལོག་རྗེས་ཀརྨ་བསམ་གྲུབ་ཀྱིས་མུ་མཐུད་སློབ་སྦྱོང་བྱེད་པའི་ཞོར་ལ་རོལ་ཆ་ཡང་སྦྱངས་པས་ཕྱོགས་གང་ཅིའི་ཐད་སྔར་བས་ཡར་རྒྱས་བྱུང་ནས་རྫོང་རིམ་པའི་སྒྱུ་རྩལ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ།

    2021ལོར། ཀརྨ་བསམ་གྲུབ་བྱེ་ཆུང་ཤང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པས་ལོ་ན་གཞོན་ཤོས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་གྱུར། སྐབས་དེ་དུས་ཁོང་ལོ་20ལས་སླེབས་ཀྱི་མེད། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་གྱུར་པ་ནས་བཟུང་རང་ཉིད་ལ་སློབ་སྦྱོང་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་གོ་སྐབས་དེ་བས་མང་བ་རག་བྱུང”ཞེས་ཀརྨ་བསམ་གྲུབ་ཀྱིས་བཤད།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀརྨ་བསམ་གྲུབ་ཀྱིས་འགན་འཁྲི་ནན་ཏན་བསྒྲུབས་པ་དང་། མང་ཚོགས་ཀྱི་རེ་འདུན་གོང་ཞུ་ཧུར་ཐག་བྱས་ཏེ། རྣམ་གྲངས་བརྩོན་ལེན་གྱིས་ཤང་ཡོངས་ལ་ཟམ་པ་19བསྐྲུན་ནས། དབྱར་ཁ་ཆུ་ཁ་རྒྱས་པ་དང་དགུན་ཁ་འཁྱགས་པ་ཐེབས་སྐབས་འབྲོག་པ་འགྲོ་སྐྱོད་སྟབས་བདེ་མེད་པའི་གནད་དོན་ཐག་གཅོད་བྱས་པ་རེད།

    མི་རིང་བའི་གོང་བྱེ་ཆུང་ཤང་གིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཕྱི་ལ་རྟོག་ཞིབ་དང་སློབ་སྦྱོང་ལ་གཏོང་སྐབས། ཀརྨ་བསམ་གྲུབ་ལྷོ་ཁ་གྲོང་ཁྱེར་གྱི་ལྷུན་རྩེ་རྫོང་དང་འཕྱོངས་རྒྱས་རྫོང་སོགས་ལ་ལྟ་སྐོར་དང་སློབ་སྦྱོང་ལ་བསྐྱོད། ཡུལ་སྨད་ཤང་ནས་ཀརྨ་བསམ་གྲུབ་ལ“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་གཅེན་གཅུང་གཉིས་ཐུག ཁོང་གཉིས་པོས་ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་ཕྱུགས་འཚོ་མཐའ་སྲུང་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཐོས་སྐབས། ཀརྨ་བསམ་གྲུབ་ཧང་སངས་ནས་སེམས་འགུལ་ཆེན་པོ་ཐེབས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། དེ་བཞིན“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱ་རྒྱུའི་ཁོང་གི་སེམས་ཤུགས་དང་ཆོད་སེམས་ཀྱང་དེ་བས་བརྟན་དུ་ཕྱིན། ཕ་ཡུལ་དུ་ལོག་རྗེས་ཁོང་གིས་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།