དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མཐུན་སྒྲིལ་འབད་འཐབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    ​—— བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-30

    “གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་དུས་བསྟུན་འཕེལ་རྒྱས་གཏོང་བ་དང་། ལག་ལེན་གྱི་རྨང་གཞིའི་ཐོག་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རང་རྟོགས་ངང་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་ལག་ལེན་གསར་པར་མཛུབ་ཁྲིད་བྱེད་པ་བཅས་ནི་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་དང་། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་སྙེག་པ། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་ཀྱི་གྲུབ་འབྲས་ཐོབ་པའི་ལམ་བུ་ཞིག་རེད”བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ངོས་འཛིན་གཅིག་མཐུན་བྱུང་ཞིང་། ཚང་མས་གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་གསར་བརྗེའི་ཁྲག་རྒྱུན་གྱི་རྒྱུན་མཐུད་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཙེང་ཡན་གྱིས་གསར་འགོད་པར། བློ་མཐུན་མའོ་ཙེ་ཏུང་ལ་རྗེས་དྲན་ཟབ་མོ་ཞུ་བར་དཔའ་ངར་ཆེན་པོས་དུས་རབས་ཀྱི་མདུན་གྲལ་དུ་ལངས་ནས་གསར་འབྱེད་གསར་གཏོད་ཀྱིས་བློ་མཐུན་མའོ་ཙེ་ཏུང་གིས་བཏོད་པའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། “མའོ་ཙེ་ཏུང་གི་དགོངས་པ་ནི་རང་རེའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ཞིང་། དེས་ང་ཚོའི་བྱ་སྤྱོད་ལ་ཡུན་རིང་མཛུབ་ཁྲིད་བྱེད་ཐུབ། ང་ཚོས་མུ་མཐུད་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། དེའི་ནང་འདུས་པའི་མི་དམངས་ཀྱི་ལངས་ཕྱོགས་དང་། འཕེལ་རྒྱས་ཀྱི་ལྟ་བ། དངོས་ཐོག་བདེན་འཚོལ་གྱི་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་བཅས་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ‘འཛུགས་གཏོད་བཞིར’སྐུལ་འདེད་ཤུགས་ཆེན་གཏོང་བ། ‘མདུན་གྲལ་དུ་སླེབས་པ་བཞི’ཧུར་ཐག་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡི་བཀྲག་མདངས་འཚེར་བའི་རྒྱུགས་ལན་གསར་པ་ཧུར་ཐག་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི་ཏང་ཡོན་རྒན་གྲས་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་བསོད་ནམས་དགྲ་འདུལ་བློ་མཐུན་མའོ་ཙེ་ཏུང་ལ་དགའ་ཞེན་ཆེན་པོ་ཡོད་ཅིང་། ཁོང་གིས་མའོ་ཙེ་ཏུང་གི་སྐུ་པར་དང་། རྟགས་མ་དང་དེ་བཞིན་དྲན་གསོའི་རྟགས་མ་སྣ་ཚོགས་ཉར་ཚགས་བྱས་ཡོད། ཟླ་12ཚེས་26ཉིན་བསོད་ནམས་དགྲ་འདུལ་གྱིས་རླུང་འཕྲིན་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ང་ནི་ཡར་ལངས་ཞིང་བྲན་ཞིག་ཡིན། མའོ་ཀྲུའུ་ཞི་ནི་ང་ཚོ་བོད་མི་དམངས་ཀྱི་མགོན་སྐྱབས་རེད། ཁོང་གིས‘བཅིངས་འགྲོལ་དམག་མི’མངགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་སྟེ། ང་ཚོར་རང་ཁྱིམ་རང་བདག་བྱུང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཡོད། ཀྲུང་གོ་གསར་པ་བཙུགས་པ་ནས་སྒྱུར་བཅོས་སྒོ་དབྱེ་བྱས་པའི་བར་དང་། དེ་ནས་དུས་རབས་གསར་པར་བསྐྱོད་པའི་བར། ཏང་གི་འགོ་ཁྲིད་འོག་རང་རེའི་རྒྱལ་ཁབ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ། བོད་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། ང་ཚོས་ད་ཆར་གཅེས་སྤྲས་དང་འབྱུང་འགྱུར་གསར་གཏོད་ཀྱིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན”ཞེས་བཤད།

    “མའོ་ཙེ་ཏུང་གི་འོད་སྟོང་འཕྲོ་བའི་དགོངས་པ་དང་། གསར་བརྗེའི་སྙིང་སྟོབས། བླ་ན་མེད་པའི་ཉམས་འགྱུར་བཅས་ནི་ང་ཚོར་བཞག་པའི་ཆེས་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་དང་། ང་ཚོས་དུས་རབས་གསར་པར་འབད་འཐབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་རེད”ལྷོ་ཁ་གྲོང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་གསར་བརྗེ་ཚེ་རིང་གིས། སླད་ཕྱིན་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་བརྒྱུད་བསྒྲགས་བྱེད་པའི་ལས་དོན་ཁྲོད་ཏང་གི་སློབ་གྲྭའི་གཡུལ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་གང་ལེགས་སྤྱད་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ཡག་པོ་སྤེལ་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ལས་བྱེད་པའི་བསམ་བློ་གཅིག་གྱུར་ཡོང་བར་བྱེད་པ། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།