དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཀོང་པོ་རྒྱ་མདའ་རྫོང་གིས“རྒན་རྒོན་གཅིག་དང་། ཕྲུ་གུ་གཅིག ཉམས་ཞན་གཅིག”བཅས་ཀྱི་ཚོགས་སྤྱིར་སེམས་ཁུར་བྱེད་པ།

    དམངས་ཕན་བྱ་བ་ཡག་པོ་བསྒྲུབས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-29

    “རྒན་རྒོན་གཅིག་དང་། ཕྲུ་གུ་གཅིག ཉམས་ཞན་གཅིག”བཅས་ནི་ཁྱིམ་ཚང་མང་པོའི་དམངས་འཚོའི་བདེ་རྩ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན་ཀོང་པོ་རྒྱ་མདའ་རྫོང་གིས་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བ་ཐོག་མཐའ་བར་གསུམ་དུ་བརྗོད་དོན་གཙོ་བོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཤུགས་རྒྱག་སར་བརྩིས་ཏེ། “རྒན་རྒོན་གཅིག་དང་། ཕྲུ་གུ་གཅིག ཉམས་ཞན་གཅིག”བཅས་ཀྱི་གཙོ་གནད་ཚོགས་སྤྱིར་དམིགས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམ་འཛིན། ནུས་ཤུགས་དངོས་འདོན་པ་དང་ཐབས་ཇུས་གནད་འཁེལ་འདོན་པ། བྱ་བ་དངོས་སྒྲུབ་པ། རྒྱུན་མཐུད་འགག་སྒྲོལ་བཅས་བྱས་ཏེ་དམངས་འཚོར་འགན་ལེན་གྱི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    “རྒས་དུས་འཚོ་རྟེན་ཡོད་པར”དམིགས་ནས་ནུས་ཤུགས་དངོས་བཏོན་ཞིང་། ཞིང་འབྲོག་ཁུལ་གྱི་རྒན་གསོའི་གནད་དོན་ལ་དམིགས་ནས་རྒན་གསོའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་རྒྱུན་མཐུད་བཏང་ཞིང་། མ་དངུལ་སྒོར་ཁྲི་120ལྷག་ཙམ་བཏང་ནས་གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་10ཚོད་ལྟའི་ངང་བསྐྲུན་ཏེ་རིག་གནས་རོལ་རྩེད་དང་། ཉིན་སྐྱོང་། སེམས་གསོ། སྲིད་ཇུས་བློ་འདྲི་སོགས་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བསྐྲུན་རྩིས་ཡོད་པ། ཀོང་པོ་རྒྱ་མདའ་རྫོང་གི་རྒན་རྒོན་500ལྷག་ཙམ་གྱི་ནུས་པར་དཔྱད་དཔོག་བྱས་ནས་འདེམས་སྒྲུག་གནད་སྨིན་བྱས་པ་མ་ཟད། ཡིག་ཚགས་བཟོས་ཏེ་ཞིང་འབྲོག་ཁུལ་གྱི་རྒན་རྒོན་གྱི་འཚོ་བའི་མཐུན་རྐྱེན་དང་བདེ་སྐྱིད་སྟོན་གྲངས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད།

    “ཆུང་དུས་གསོ་མཁན་ཡོད་པར”དམིགས་ནས་ཐབས་ཇུས་གནད་འཁེལ་བཏོན་ཞིང་། ཀོང་པོ་རྒྱ་མདའ་རྫོང་གིས་རྒྱ་ཤིང་ཤང་ལྟེ་བའི་སློབ་ཆུང་གི་ཟུར་ཁྲིད་ཁང་པ་དང་སློབ་མའི་ཟ་ཁང་འཛུགས་སྐྲུན་རྣམ་གྲངས་དང་རྫོང་ཡོངས་ཀྱི་བུ་བཅོལ་ཁང་32ལ་དྲོད་རླངས་མཁོ་འདོན་བྱེད་པའི་ལས་གྲྭ་ལག་བསྟར་བྱས་ཤིང་། མིག་སྔར། ཟུར་ཁྲིད་ཁང་པ་དང་སློབ་མའི་ཟ་ཁང་གི་ཨར་སྐྲུན་རྣམ་གྲངས་གྲུབ་ཆ་གཙོ་བོ་སྐྲུན་པའི་དུས་མཚམས་སུ་སླེབས་ཡོད་པ་དང་། དྲོད་རླངས་མཁོ་འདོན་ལས་གྲྭ་ཡོངས་སུ་མངོན་འགྱུར་བྱུང་ནས་བུ་བཅོལ་ཁང་གི་ཕྲུ་གུ་ཚོ་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་རྒྱུ་བྱུང་ཡོད། དེ་དང་ཆབས་ཅིག་ཀོང་ཏུང་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་མཐུན་ཚོགས་དང་མཉམ་དུ་ལྷན་སྐྱེས་སྙིང་ནད་ཀྱི་འོས་འགན་སྨན་བཅོས་དང་དབྱེ་བཤེར་བྱས་ཏེ། གཤགས་བཅོས་བྱས་ན་འཚམ་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་4ལ་རིན་མེད་གཤགས་བཅོས་བྱས་པ་དང་། ལོ་0ནས་14བར་གྱི་ལོ་ཚད་ལོན་པའི་ཕྲུ་གུར་མཆིན་ནད་ལྡེམས་བུའི་སྔོན་འགོག་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྔོན་འགོག་ཁབ་རྒྱག་ཚད་90%ཟིན་ཡོད་པ་རེད།

    “ཉམས་ཞན་ལ་རོགས་སྐྱོར་ཡོད་པར”དམིགས་ནས་བྱ་བ་དངོས་བསྒྲུབས་ཤིང་། ཀོང་པོ་རྒྱ་མདའ་རྫོང་གིས་མ་དངུལ་སྒོར་ཁྲི་600བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་བྱེད་པའི་ཞབས་ཞུའི་ལྟེ་གནས་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་ཏེ། ལྟེ་གནས་ཀྱི་ཞབས་འདེགས་ཞུ་བའི་བྱེད་ནུས་དེ་བས་འཐུས་སྒོ་ཚང་དུ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་དགོས་མཁོ་བསྐངས་ཡོད། ཧུའུ་ནན་ཞིང་ཆེན་གྱི་མ་བུ་བདེ་སྲུང་ཁང་དང་། ཁྲང་ཧྲ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་ཁང་། ཀྲུའུ་ཀྲོའུ་གྲོང་ཁྱེར་ལྟེ་བའི་སྨན་ཁང་དྲག་སྐྱེད་སྨན་བཅོས་བཅས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་དབང་པོ་སྐྱོན་ཅན་ལ་དྲག་སྐྱེད་སྨན་བཅོས་དང་སེམས་གསོ་བཏང་བ་དང་འབྲེལ། ལྟེ་གནས་ཀྱི་ནད་གཡོག་པར་རྩལ་ནུས་གསོ་སྦྱོང་ཡང་བྱས་ཡོད། དབང་པོ་སྐྱོན་ཅན་གྱི་རྣམ་ཀུན་གྱི་འཚོ་བར་སྟབས་བདེ་སྐྲུན་ཆེད་ཀོང་པོ་རྒྱ་མདའ་རྫོང་གིས་སྒོར་ཁྲི་21བཏང་ནས་དཀའ་ངལ་ཡོད་པའི་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་དུད་ཚང་15ལ་ཐོགས་མེད་ཀྱི་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་ཤིང་། མིག་སྔར་དུད་ཚང་10ཡི་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་། གེགས་མེད་ཀྱི་ལག་སྐྱོར་དང་གསང་སྤྱོད་སོགས་ཀྱི་སྒྲིག་ཆས་བསྒར་བས་དབང་པོ་སྐྱོན་ཅན་གྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།