དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐུ་ནི་སིས“ཤེས་དཔལ་སློབ་ཁང་ཆེན་པོའི”བྱེད་སྒོ་མཉམ་དུ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐུ་ནི་སི་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་ཟླ་12ཚེས་25ཉིན་ཀྲུང་གོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་དང་ཐུ་ནི་སིའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་གིས་རྒྱལ་ས་ཐུ་ནི་སི་གྲོང་ཁྱེར་དུ“ཤེས་དཔལ་སློབ་ཁང་ཆེན་པོའི”བྱེད་སྒོ་སྤེལ་བ་རེད།

    ཀྲུང་གོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ཀྱི་ཚོཊ་གཙོ་ཅི་པིང་ཤོན་བྱེད་སྒོར་ཞུགས་སྐབས། འདི་ལོའི་ཟླ་3པར་ཀྲུང་གོའི་འགོ་ཁྲིད་པས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་ནས་འཛམ་གླིང་ཡོངས་ལ་ཤེས་དཔལ་སྤེལ་རེས་ཟབ་ཏུ་དང་སྐད་ཆ་ཤོད་རེས་མང་དུ་གཏོང་བ་དང་བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་རིང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས་པའི་ལྷག་བསམ་ཟོལ་མེད་ཀྱི་རེ་འབོད་བྱས་ཡོད། ཀྲུང་གོ་དང་ཐུ་ནི་སི་གཉིས་ཀ་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོ་དང་ཐུ་ནི་སིའི་ཤེས་དཔལ་ལ་འདྲ་བའི་ཆ་ཡོད་ལ་རང་སོ་སོའི་ཁྱད་ཆོས་ཀྱང་ལྡན་ཡོད་པས་ཤེས་དཔལ་སྤེལ་རེས་དང་སྐད་ཆ་ཤོད་རེས་བྱེད་པ་བརྒྱུད་དགེ་ལེན་སྐྱོན་སེལ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    ཐུ་ནི་སིའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་གི་ཡོན་ཀྲང་པཱ་ཁུའུ་ཧྲིས་གཏམ་བཤད་སྤེལ་སྐབས། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཐུ་ནི་སི་ཕྱོགས་གཉིས་པོའི་དབར་རིག་གནས་ཁྱབ་ཁོངས་སུ་མཉམ་ལས་དང་སྤེལ་རེས་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་བཏང་ཡོད། དཔེར་ན། འདི་ལོ་སྤེལ་བའི་ཀྲུང་གོ་དང་ཐུ་ནི་སིའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་འཕེལ་རྒྱས་བདེ་བླག་བྱུང་ཡོད། ཕྱི་ལོ་ནི་ཀྲུང་གོ་དང་ཐུ་ནི་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་དང་ཐུ་ནི་སིའི་རིག་གནས་སྒྲིག་གཞི་དང་། སློབ་ཆེན། ཇུས་འདོན་ཚོགས་པ་བཅས་ནས་ཡོང་བའི་འབྲེལ་ཡོད་མི་སྣ་དེ་ཉིན་གྱི་བྱེད་སྒོར་ཞུགས་པ་དང་། ཚོགས་ཞུགས་མི་སྣས་རྒྱལ་ཁབ་གཉིས་པོའི་དབར་རིག་གནས་སྤེལ་རེས་དང་དམངས་ཁྲོད་འབྲེལ་བ་བྱེད་ཟབ་ཏུ་གཏོང་བའི་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།