དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུར་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཀྱི་གྲོས་དོན་ལ་དམིགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐེ་ཧེ་རན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བདུན་པ་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་འཚོགས་ཤིང་། ཚོགས་ཞུགས་ཕྱོགས་ཁག་གིས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ་དང་ཕྱི་གྱར་རིག་དངོས་ཚུར་ལེན་བདའ་འདེད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་དོན་སྐོར་ལ་བསམ་འཆར་བརྗེ་རེས་བྱས་པ་རེད།

    དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཤིས་དབྱང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གླེང་སྟེགས་ཀྱི་ཁོངས་མིའི་རྒྱལ་ཁབ་མང་པོའི་མཐོ་རིམ་དཔོན་རིགས་ཚོགས་འདུར་ཞུགས་པ་རེད།

    ཨ་པུའུ་ཏུའུ་ལ་ཤིས་དབྱང་གིས་ཚོགས་འདུར། རིག་གནས་ཁྱབ་ཁོངས་སུ་མཉམ་ལས་བྱས་ཚེ་གླེང་སྟེགས་ཁོངས་མིའི་རྒྱལ་ཁབ་ཀྱི་འཇམ་ཤུགས་ཆེ་རུ་འགྲོ་ཐུབ་ལ། ཤེས་དཔལ་མི་འདྲ་བའི་དབར་མཉམ་ལས་བྱས་པ་དེས་མིའི་རིགས་ཐུན་མོང་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་པ་ཡོད། ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཀྱི་གླེང་སྟེགས་བརྒྱུད་ཕྱོགས་ཁག་གིས་འཛམ་གླིང་དེ་བས་ཞི་བདེ་དང་རིག་གནས་འཕེལ་རྒྱས་དེ་བས་ལེགས་པོ་ཡོང་བར་གཞོལ་བཞིན་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལི་ཆུན་གྱིས། ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་མཉམ་དུ་ལག་ལེན་བསྟར་བའི་ཐད་བྱ་སྤྱོད་ཀྱི་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་དང་ཡར་ཐོན་ལ་ཞབས་འདེགས་ཞུ་དགོས་པ་དང་། གཉིས་ནི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱེད་པར་སྐུལ་འདེད་གཏོང་དགོས་པ། གསུམ་ནི་ཐུན་མོང་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་རིག་གནས་ཀྱི་སྒྲིག་ལམ་གཏོད་པར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

    ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཀྱི་གླེང་སྟེགས་གཉེར་རྒྱུ་ཀྲུང་གོ་དང་ཀེ་རི་སེས་2017ལོར་ཐུན་མོང་ཐོག་གྲོས་འགོ་བཏོན་ཞིང་། དེའི་དམིགས་ཡུལ་ནི་སྐད་ཆ་ཤོད་རེས་དང་སྤེལ་རེས་བརྒྱུད། ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་རྒྱུས་མངའ་དང་བསྟུན་མཁས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། ད་ཆ་གླེང་སྟེགས་ལ་ཀྲུང་གོ་དང་། ཨར་མེ་ཉི་ཡ། པོ་ལི་ཝེ་ཡ། ཨེ་ཅིབ། ཀེ་རི་སེ། དབྱི་རན། དབྱི་རག དབྱི་ཐ་ལི། མོ་ཞི་ཁོ། ཕེ་རུ་སོགས་ཚུད་པའི་ཁོངས་མིའི་རྒྱལ་ཁབ་10ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།