དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་རྫོང་གི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་རིམ་བཞིན་རྒྱུན་གཏན་ལྟར་སླར་གསོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-29

    འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ཝང་མེ། མི་དམངས་དྲ་བའི་གསར་འགོད་པ། པའེ་པོ། མ་ཁོ་ཤིན།

    མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་ལ་ཅ་གྲོང་ཚོར་བསྐྲུན་མ་ཐག་པའི་སྟབས་བདེའི་ཁང་པའི་ནང་ལུའེ་ཧྲུའུ་ཕིང་གིས་སྒྲོག་ཙེར་འཕྱིད་བདར་གཏོང་བཞིན་ཡོད། གཟའ་འཁོར་གཅིག་གོང་གི་ས་གཡོ་རི་འགུལ་གྱི་རྣམ་པར་དྲན་གསོ་བྱེད་སྐབས་ཁོ་མོའི་སེམས་ནང་སྔར་བཞིན་སྐྲག་སྣང་སྐྱེ་ཡི་ཡོད།

    “ཕྱིར་བྲོས་མ་ཐག ཁང་པའི་ཤེལ་སྒོ་ཟག་སོང”ཞེས་ལུའེ་ཧྲུའུ་ཕིང་གིས་བརྗོད་ཅིང་། འདི་ལོ་ལོ་35ལ་སླེབས་པའི་ཁོ་མོར་ད་ཆ་ཕྲུ་གུ་འཁོར་ནས་ཟླ་བ་5སོང་བ་དང་། ས་ཡོམ་རྒྱག་སྐབས་ཉལ་ཁང་གི་གྱང་གློ་བུར་དུ་འགྱེལ་བས། ལུའེ་ཧྲུའུ་ཕིང་གི་ནང་མི་བཞི་པོ་གང་མགྱོགས་ཕྱིར་བྲོས། ཁོ་མོས“སྟབས་ལེགས་པ་ཞིག་ལ་རྐང་པར་རྨ་ཏོག་ཙམ་མ་གཏོགས་བཟོས་མ་བྱུང་། ད་ལྟ་རྨ་དེ་ཡང་དྲག་འདུག”ཅེས་བརྗོད་ཅིང་རང་གི་བཟའ་ཟླས་སྤྲད་པའི་ཤིང་ཏོག་ལེན་ཞོར་རྨ་ཤུལ་ལ་ལྟ་ཙམ་བྱས།

    དེ་རིང་ནི་ལུའེ་ཧྲུའུ་ཕིང་དང་ནང་མི་སླར་ཡང་མཉམ་འཛོམས་བྱུང་བའི་ཉིན་མོ་ཡིན་ལ། སྟབས་བདེའི་ཁང་པར་སྤོས་པའི་ཉིན་དང་པོ་དེ་ཡང་རེད། ས་ཡོམ་བརྒྱབ་ནས་དངངས་སྐྲག་ཆེན་པོ་བྱུང་རྐྱེན་ཁོ་མོ་ཟི་ལིང་གྲོང་ཁྱེར་སྨན་ཁང་དུ་བརྟག་དཔྱད་བྱས་ནས་ཉིན་བཞི་བསྡད། ཕྲུ་གུ་བདེ་མ་ཐང་མ་ཡིན་པ་ཤེས་རྗེས་གཞི་ནས་སེམས་ལྷོད་དུ་བབས་ཡོད། སྟབས་བདེའི་ཁང་པར་འཛུལ་མ་ཐག་ཕྲུ་གུ་རྒན་པ་དང་གཞོན་པ་གཉིས་གཟབ་ནན་ངང་དྲ་ཐོག་སློབ་ཚན་ཉན་བཞིན་མཆིས། ལ་ཅ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་ཏེ་ཅ་རླངས་འཁོར་འཇོག་སར་སྐུད་མེད་དྲ་བ་ཤར་གཏོང་ཐུབ་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དྲ་ཐོག་ནས་སློབ་ཚན་འཚོགས་ཐུབ་ཡོད།

    “ད་ཆ་སྡོད་སའི་ཁང་པ་དྲོ་པོ་ཡོད་པ་དང་། ཕྲུ་གུ་ཡང་སློབ་ཚན་འཚོགས་ཐུབ་པས་བློ་བདེ་པོ་འདུག”ཅེས་ལུའེ་ཧྲུའུ་ཕིང་གི་བཟའ་ཟླས་སྒམ་བརླིང་ལྡན་པའི་ངང་བརྗོད།

    ཟླ་12ཚེས་26ཉིན་གྱི་ཆུ་ཚོད་18བར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། བ་ཡན་ཧུད་རིགས་རང་སྐྱོང་རྫོང་། ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་བཅས་རྫོང་གསུམ་གྱི་སློབ་གྲྭ་འབྲིང་ཆུང་ཚང་མ་སློབ་གྲྭ་བསྐྱར་ཚུགས་བྱས་པ་དང་། དེའི་ནང་དྲ་ཕྱིའི་སློབ་གྲྭ་བསྐྱར་ཚུགས་བྱས་པའི་སློབ་གྲྭ་འབྲིང་ཆུང་355ཡོད་པར་སློབ་མ་ཁྲི་11.86ཟིན་པ་དང་། དྲ་ཐོག་སློབ་གྲྭ་བསྐྱར་ཚུགས་བྱས་པའི་སློབ་གྲྭ་འབྲིང་ཆུང་16ཡོད་པར་སློབ་མ་7700ཟིན་ཡོད།

    ས་ཡོམ་བརྒྱབ་རྗེས། བ་ཡན་རྫོང་གིས་ཛ་དྲག་བཀོད་སྒྲིག་བྱས་ཏེ་འཕྲལ་མར་དགེ་སློབ་ཀྱི་མི་ལུས་བདེ་འཇགས་ལ་འགན་སྲུང་བྱས་པ་རེད། “ང་ཚོས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ། ཡུག་ཁུལ་འགན་གཙང་ལེན་མཁན་འགན་འཁུར་བ་དང་ས་ཚིགས་འབྲེལ་གཏུག་ལས་བྱེད་པ་80ལྷག་ཙམ་བཀོད་སྒྲིག་བྱས་ནས་མཚན་མོ་དེ་རང་ལ་རྫོང་ཐད་གཏོགས་སློབ་གྲྭ་འབྲིང་ཆུང་དང་ཤང་དང་གྲོང་རྡལ་གྱི་ལྟེ་བའི་སློབ་གྲྭར་བསྐྱོད་ནས། དགེ་སློབ་ཁ་ཐོར་དུ་བཅུག་པ་དང་སློབ་གྲྭའི་ཉལ་ཁང་ལ་གཏོར་སྐྱོན་ཕོག་མིན་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་ཡིན”ཞེས་བ་ཡན་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་སུའུ་ཐའོ་པང་གིས་བརྗོད།

    ཟླ་12ཚེས་19ཉིན། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང་དང་སློབ་ཁྲིད་ས་ཚིགས)212ཉིན་གཅིག་ལ་སློབ་མཚམས་བཞག་པ་རེད། ཟླ་12ཚེས་20ཉིན་ནས་བཟུང་ཐ་རྒྱ་ལྟེ་བའི་སློབ་གྲྭ་ཕུད། སློབ་གྲྭ་གཞན་དག་ཚང་མ་སློབ་གྲྭ་བསྐྱར་ཚུགས་བྱས་པ་རེད། ཟླ་12ཚེས་22ཉིན་འབྲེལ་ཡོད་ལག་རྩལ་སྡེ་ཚན་གྱིས་བརྟག་དཔྱད་བྱས་པ་བརྒྱུད། ཐ་རྒྱ་ལྟེ་བའི་སློབ་གྲྭའི་ཁོངས་གཏོགས་སློབ་ཁྲིད་ས་ཚིགས་དང་བུ་བཅོལ་སློབ་གསོའི་ས་ཚིགས་ཀྱི་སློབ་མ་157ཚང་མ་སློབ་གྲྭར་ཕྱིར་ལོག་ནས་སློབ་གྲྭ་བསྐྱར་ཚུགས་བྱས་པ་རེད།

    ཟླ་12ཚེས་26ཉིན་བར། ཞུན་ཧྭ་རྫོང་གི་སློབ་གྲྭ་134ཡི་སློབ་མ་36695དྲ་ཕྱིའི་སློབ་ཁྲིད་སླར་གསོ་ཐུབ་ནས་སློབ་གྲྭ་བསྐྱར་ཚུགས་བྱེད་ཚད་100%ཟིན་ཡོད། “ཕྲུ་གུ་ཚོ་སླར་ཡང་སློབ་གྲྭར་འགྲོ་ཐུབ་པས་ང་ཚོ་ཚང་མ་བློ་བདེ་པོ་བྱུང”ཞེས་ཀོན་ཕིང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཏང་རེན་ཅུན་གྱིས་ལག་པར་འཕུར་འཕུར་གཏོང་བཞིན་བརྗོད།

    ཀོན་ཐིང་གྲོང་རྡལ་ལ་ཅ་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་སུ་ལུའེ་ཧྲུའུ་ཕིང་གི་ནང་མི་དང་འདྲ་བར་ལོ་75ལ་སླེབས་པའི་ཏང་ཡོན་རྒན་གྲས་ལི་ཁྲང་མིང་ཡང་བློ་བདེ་པོ་བྱུང་ཞིང་། ཁོང་གིས“ཤ་དང་ཆུ་མོག་ཀྱང་བཟའ་རྒྱུ་འདུག་པས་སེམས་ལྷོད་ལ་བབས་སོང”ཞེས་བརྗོད། ཟླ་12ཚེས་22ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་ལ་ཏང་ཡོན་རྒན་གྲས་ཁོང་དང་ཁོང་གི་བུ་དང་བུའི་མནའ་མ་བཅས་གུར་ནས་སྟབས་བདེའི་ཁང་པར་སྤོས་པ་དང་། ཁ་ཉིན་ནམ་ཕྱེད་བར་ཁོང་གིས་སྟབས་བདེའི་ཁང་པར་བཟོ་མཁན་གྱི་ལས་མིར་ཇ་བསྐོལ་ནས་བསྡད། ཁོང་གིས“ང་རང་ཡང་ཏང་ཡོན་ཞིག་ཡིན་པས། དེ་ནི་ངས་བྱེད་འོས་པ་ཞིག་རེད”ཅེས་བརྗོད།

    “ཚེས་26ཉིན་གྱི་ཐོ་རེངས་ཆུ་ཚོད་གཉིས་པ་ཙམ་ལ། ལ་ཅ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་རླངས་འཁོར་འཇོག་སར་སྟབས་བདེའི་ཁང་པ་102ཚང་མ་བརྒྱབ་ཚར་བ་རེད”ཅེས་ཀོན་ཐིང་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ལིའུ་ཁོ་ཕིང་གིས་བརྗོད།

    ཚེས་25ཉིན་གྱི་ཉིན་དགུང་བར། ལ་ཅ་གྲོང་ཚོའི་ཧྲེ་དང་པོ་དང་གཉིས་པའི་དུད་ཚང་123གྱི་མི་553ཁང་པ་77ནང་སྤོས་པ་དང་། ད་དུང་དུད་ཚང་80ཡི་མི་382ཚང་མ་གློག་ཤར་གཏོང་ཐུབ་རྗེས་དེ་གར་སྤོ་རྒྱུ་རེད།

    རྨིན་ཧོ་རྫོང་ཀྲུང་ཁྲོན་ཤང་ཅིན་ཐན་གྲོང་ཚོར་འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད།

    འཚོལ་སྐྱོབ་བྱེད་སར་དགོང་ཟས་བཟོ་རོགས་བྱེད་མཁན་གྱི་ཁྲོད་དུ་ད་དུང་ཀན་སུའུ་ཞིང་ཆེན་ལིན་ཞ་ཀྲོའུ་ཏུང་ཤང་རྫོང་ནས་ཡོང་བའི་མཱ་ཀྲུང་ཤའོ་དང་མཱ་ཤའོ་ཏུང་སོགས་མི་དྲུག་ཡོད། ཚེས་23ཉིན་གྱི་དགོང་མོ་ནས་བཟུང་མཱ་ཀྲུང་ཤའོ་དང་གྲོགས་པོ་ཚོས་ལུག་གསུམ་དང་། ཚགས་ཤ་རྒྱ་མ་བརྒྱད་བཅུ། འབྲས་དོ་པོ་བཅུ། སྣུམ་འགྱིག་དམ་དྲུག་ཅེས་ཐོ་རྒྱག་གིན་དངོས་ཟོག་གྲབས་གསོག་བྱེད་བཞིན་ཡོད། ཁོ་ཚོ་ཚེས་24ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་པ་ཙམ་ལ་འདི་གར་འབྱོར་བ་རེད། མཱ་ཀྲུང་ཤའོ་ཡིས“ང་ཚོའི་ཕ་ཡུལ་གྱི་མི་ད་དུང་འདི་གར་གཅིག་རྗེས་གཉིས་མཐུད་ངང་རོགས་པ་བྱེད་པར་ཡོང་གི་ཡོད”ཅེས་བརྗོད།

    “གནོད་འཚེ་ཕོག་པ་ནས་ད་བར། སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་ཀྱིས་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་རོགས་བྱས་བྱུང་། ཚང་མའི་ཕྱར་བ་གྲུ་འདེགས་ཀྱི་རོགས་སྐྱོར་འོག་ང་ཚོའི་འཚོ་བ་གང་མགྱོགས་སྔར་རྒྱུན་བཞིན་སླར་གསོ་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད”ཅེས་ཀྲུང་ཁྲོན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཞའོ་ཆང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།