དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མིན་ཧོའི་གནོད་འཚེ་ཕོག་པའི་མང་ཚོགས“སྡོད་ས་གསར་པར”གཅིག་རྗེས་གཉིས་མཐུད་ངང་སྤོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-28

    ཟླ་12ཚེས་22ཉིན་གྱི་དགོང་མོར། ལོ་50ཟིན་པའི་ཆི་ཡའོ་ཝུན་གྱིས་ལོ་88ལ་སླེབས་པའི་ཕ་མ་གཉིས་དང་ནང་མི་ལྔ་པོ་རྣམས་འཁྲིད་དེ“སྡོད་ས་གསར་པར”སྤོས། ཁོང་གིས“ཉིན་ལྔ་ཕྱིན་སོང་། དོ་དགོང་གཉིད་ཡག་པོ་ཞིག་ཉལ་རྒྱུ་ཡོང་ཡོད། རས་གུར་དང་བསྡུར་ན། སྒྲོམ་ཁང་ལ་དྲོད་ཆེ་བས་སྐྱིད་པོ་ཡོག་རེད། ད་དུང་ནང་མི་ཚང་མ་མཉམ་དུ་སྡོད་རྒྱུ་ཡོད་པ་མ་ཟད། གཉིད་ཀྱང་འདྲོགས་ཀྱི་མ་རེད”ཅེས་བཤད།

    སྨི་30ཙམ་གྱིས་ཆོད་པའི་སར་མའེ་དབྱི་སློབ་ཆུང་གི་འཕྲལ་སྡོམ་རས་གུར་བཀོད་སྒྲིག་བྱ་ཡུལ་ཡིན་ཞིང་། ཉིན་གསུམ་རིང་ཆི་ཡའོ་ཝུན་ནང་མི་དང་མཉམ་དུ་དེ་གར་བསྡད་པ་རེད། དེ་གར་སྐབས་འཕྲལ་བཀོད་སྒྲིག་བྱས་པ་ཞིག་ཡིན་པས་ཞིབ་ཚགས་པོ་དེ་ཙམ་བྱུང་མེད། “ང་ཚོ་ནང་མི་ལྔ་པོ་གུར་གསུམ་ནང་ལོགས་བཀར་བསྡད་པ་ཡིན། ཡིན་ནའང་ཛ་དྲག་དུས་བབ་ལ་བསམ་ཤེས་ཐུབ་ཀྱི་འདུག”ཅེས་ཆི་ཡའོ་ཝུན་གྱིས་བཤད། ཁོང་གི་ཁྱིམ་ཚའོ་ཐང་གྲོང་ཚོའི་ནུབ་ངོས་སུ་གནས་པ་དང་། ཅི་ཧྲི་ཧྲན་གྱི་ས་ཡོམ་རིམ་པ་6.2གྱིས་རྐྱེན་པས་བྱེ་འདམ་གྱི་གནོད་འཚེ་ཐོན་རྗེས་ཁོང་གི་སྒོ་ར་ཡོངས་སུ་བྱེ་འདམ་དཀྱིལ་དུ་དིམ་ནས་ཁང་མིག་18ཚང་མར་གས་སྐྱོན་ཚབས་ཆེན་ཐེབས་ཡོད།

    ཆི་ཡའོ་ཝུན་གྱི་ལོ་13ལ་སླེབས་པའི་ཕྲུ་གུ་མལ་ཁྲིའི་སྟེང་དུ་དྲ་ཐོག་སློབ་ཚན་འཚོག་བཞིན་འདུག ཕྲུ་གུ་འགྲོ་སའི་ཤང་གྲོང་གི་ལྟེ་བའི་སློབ་གྲྭར་གས་སྐྱོན་ཚབས་ཆེན་ཐེབས་ནས་དུས་ཐུང་ནང་སློབ་གྲྭ་ཚུགས་ཐབས་བྲལ་སྟབས། སློབ་གསོའི་སྡེ་ཚན་གྱིས་སློབ་གྲྭར་དྲ་ཐོག་ནས་སློབ་ཚན་འཁྲིད་དགོས་པའི་སྒྲིག་འཛུགས་བྱས་ཡོད། “རས་གུར་ནང་སྡོད་མཁན་མང་པོ་ཡོད་པས་ཟང་ཟིང་ཆེན་པོ་འདུག ད་ལྟ་སོ་སོའི་སྡོད་ས་ཡོད་པས་ཕྲུ་གུ་སློབ་ཚན་ཡག་པོ་འཚོགས་ཐུབ་ཀྱི་འདུག”ཅེས་ཆི་ཡའོ་ཝུན་གྱིས་བཤད། དུས་ཚོད་རིང་པོ་མ་སོང་བར་ལས་དོན་པས་སྒྲོག་ཙེ་དང་རྐུབ་སྟེགས་སྐྱེལ་བར་ཡོང་།

    ཟླ་12ཚེས་21ཉིན་ནས་བཟུང་། གསར་འགོད་པས་མིན་ཧོ་རྫོང་ཀྲུང་ཁྲོན་ཤང་དུ་འགྲོ་སའི་གཞུང་ལམ་ཐོག་སྤོ་བདེའི་ཁང་པ་དང་སྒྲོམ་ཁང་བླུགས་པའི་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་མང་དུ་སོང་བ་མཐོང་བྱུང་། ཟླ་12ཚེས་23ཉིན། གསར་འགོད་པས་ཀོན་ཐིང་གྲོང་རྡལ་དང་ཀྲུང་ཁྲོན་ཤང་གི་གྲོང་ཚོ་མང་པོར་སྤོ་བདེའི་ཁང་པ་མང་པོ་རྒྱག་བཞིན་པའང་མཐོང་བྱུང་། ལ་ཅཱ་གྲོང་ཚོའི་འགྲམ་དུ་སྒྲོམ་ཁང་སྟར་པ་གཅིག་བསྒྲིགས་ཟིན་ནས་ལས་དོན་པས་རྗེས་མཐུད་ཀྱི་ལས་ཀ་བྱེད་བཞིན་པ་སྟེ། ལ་ལས་སྒྲོམ་ཁང་ལ་གློག་སྐུད་འཁྲིད་པ་དང་། ལ་ལས་ལྟེབ་ཁྲི་དང་། མལ་ཆས། ཐབ་ཆས། རྡོ་སོལ་སོགས་འཚོ་བའི་དངོས་ཟོག་སྒྲོམ་ཁང་དུ་སྐྱེལ་བཞིན་འདུག

    སྤྱི་ཚོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཡིན་པའི་ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་ཚོགས་པ་དང་གཏེར་ལྔ་ཚོགས་པ་སོགས་ཀྱིས་སྒྲོམ་ཁང་སྒྲིག་པའི་ལས་འགན་འཁུར་བཞིན་ཡོད། “ང་ཚོའི་སྒྲོམ་ཁང་ཚང་མ་ཧོ་པེ་ནས་དབོར་ཡོང་བ་དང་། ཁ་སང་མི་ཆིག་སྟོང་ལྷག་ཙམ་བསྐོངས་ནས་བསྒྲིགས་པ་རེད” ཀོན་ཐིང་གྲོང་རྡལ་གྱི་ཐང་སྡེར་ཞིག་ཏུ་ས་རྐོ་འཕྲུལ་འཁོར་གྱིས་ས་ཁོད་སྙོམས་བཞིན་ཡོད་པ་དང་། ལྗིད་འདེགས་འཕྲུལ་འཁོར་གྱིས་སྒྲོམ་ཁང་གི་ཟུར་བཞི་ནས་དཔྱངས་ཏེ་དམིགས་སར་ཕབ། མི་བཅུ་ལྷག་ཙམ་གྱིས་གཡས་གཞོགས་གཡོན་འདེགས་བྱས་རྗེས་སྐར་མ་10ཙམ་ལ་སྒྲོམ་ཁང་གཅིག་བསྒྲིགས།

    ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་ས་ཡུལ་དངོས་ཀྱི་བཀོད་འདོམས་པ་ཁོན་ལུང་ཅུན་གྱིས་ཚེས་21ཉིན་ང་ཚོར་ཀྲུང་ཁྲོན་ཤང་དུ་མྱུར་སྐྲུན་བྱེད་པར་འགྲོ་དགོས་པའི་ལས་འགན་འབྱོར་བྱུང་། ང་ཚོ་མི་1000ལྷག་ཙམ་ཚང་མ་ཐག་ཉེ་སའི་སི་ཁྲོན་དང་ཀན་སུའུ་ནས་བསྐོངས་པ་ཤ་སྟག་རེད། ཡིན་ནའང་དུས་ཚོད་ཐུང་བ་དང་གྲང་ངར་ཆེ་བ་སོགས་ཀྱིས་ཁོང་ཚོར་དཀའ་ངལ་ཆེན་པོ་འཕྲད་སོང་། མི་མང་པོ་ཞིག་རྒྱུན་མཐུད་དེ་ལས་ཀ་ཆུ་ཚོད་30ལྷག་ཙམ་བྱས་པ་རེད། དགོང་མོ་ས་ཆ་དེ་རང་དུ་མེ་སྲོས་ནས་མུ་མཐུད་ལས་ཀ་བྱེད་ཀྱི་ཡིན་ཞེས་བཤད།

    ཁོ་ཚོ་དང་འདྲ་བར་གནོད་འཚེ་ཐོན་ཡུལ་དུ་རྒྱུན་མཐུད་དེ་ལས་ཀ་བྱེད་མཁན་ཀྲུང་གོ་ཨན་ནེང་བཟོ་སྐྲུན་ཅུས་གསུམ་པའི་ལས་དོན་པ་མཱ་ཁའེ་ཅཱ་ཚེས་21ཉིན་ཚའོ་ཐང་གྲོང་ཚོར་འབྱོར་བ་ནས་ངལ་གསོ་ཁོམ་བྱུང་མེད། མཱ་ཁའེ་ཅཱ་ནི་ཡོམ་ལྟེ་དང་བར་ཐག་སྤྱི་ལེ་10ལྷག་ཙམ་ལས་མེད་པའི་ཀན་སུའུ་ཅི་ཧྲི་ཧྲན་ཨན་ཅི་གྲོང་རྡལ་ནས་ཡིན་ཞིང་། ཕ་ཡུལ་གྱི་ཁང་པར་ཡང་གས་སྐྱོན་ཚབས་ཆེན་ཐེབས་ཡོད་ལ་གཉེན་ཉེ་གསུམ་ལའང་རྨས་སྐྱོན་ཕོག་ཡོད། རོགས་སྐྱོབ་བྱ་ཡུལ་དུ་མཱ་ཁའེ་ཅཱ་ཡིས་ལས་གྲྭའི་འཕྲུལ་འཁོར་ལ་བཀོད་གཏོང་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འབྲེལ་གཏུག་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ཉིན་ལྟར་ནང་མིར་ཁ་པར་རྒྱག་གི་ཡོད། མ་གཞི་མིན་ཧོ་ནས་ཁྱིམ་དུ་སྤྱི་ལེ་30ལྷག་ཙམ་ལས་མེད་ཀྱང་ལོག་ཁོམ་གཏན་ནས་མི་འདུག”ཅེས་འཛེར་སྐད་རྒྱག་བཞིན་བཤད།

    “ད་ལྟ་ང་ཚོའི་ལས་ཀའི་གཙོ་གནད་ནི་གནོད་འཚེ་ཕོག་པའི་མང་ཚོགས་འཕྲལ་སྡོམ་རས་གུར་ནས་རིམ་བཞིན་སྒྲོམ་ཁང་དུ་སྤོ་རོགས་བྱ་རྒྱུ་དེ་རེད། མིག་སྔར་མིན་ཧོ་རྫོང་ལ་སྒྲོམ་ཁང་700ལྷག་ཙམ་མྱུར་སྐྲུན་བྱས་པས་འཕྲལ་མཁོ་ཡོད་པའི་རྒན་རྒོན་དང་བྱིས་པ་དང་དེ་བཞིན་ཁོ་ཚོའི་ནང་མི་སྔོན་ལ་བཀོད་སྒྲིག་བྱེད་ཀྱི་ཡོད”ཅེས་མིན་ཧོ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཅའོ་ཤིང་ལུང་གིས་ངོ་སྤྲོད་བྱས།

    ལོ་63ལ་སླེབས་པའི་ལཱ་ཙེ་ལན་གྱིས“ཆུ་གང་འཐུང་བར་ཤོག”ཅེས་གསར་འགོད་པ་སོ་སོའི་སྒྲོམ་ཁང་དུ་འཁྲིད་པ་མ་ཟད། པ་ཀིར་ནས་བྱི་རིལ་གཉིས་བཏོན་ཏེ་གསར་འགོད་པར་སྤྲད་བྱུང་། ལཱ་ཙེ་ལན་ནི་གཙང་སྦྲར་དོ་སྣང་བྱེད་མཁན་ཞིག་ཡིན་བཟོ་འདུག ཁང་པའི་ནང་ཕོ་ཁེབས་གྲལ་འགྲིག་པོས་བཞག་པ་དང་ས་སྟེང་དུ་བཞག་པའི་དུང་པན་ནང་འཁྲུད་ཆས་དང་ཨ་ཅོར་གསར་རྐྱང་ཞིག་བླུགས་འདུག སྒེའུ་ཁུང་ཐོད་དུ་དྲོད་སྙོམས་འཕྲུལ་ཆས་བསྒར་བ་དང་། འགྲམ་དུ་སྲོ་ཐབ་བསྒྲིགས་ཡོད་པས་ཁང་པའི་ནང་དྲོ་སོབ་སོབ་འདུག ཐབ་འགྲམ་དུ་ད་དུང་ཀྲུང་ལུགས་སྦྱོར་སྨན་ཁུག་མ་འགའ་སྲོས་ནས་བཞག་འདུག “ཁ་སང་དགོང་མོ་སྤོས་མ་ཐག་ཡིན། ད་ལྟ་སྡོད་ས་གསར་པ་ཡོད”ཅེས་ལཱ་ཙེ་ལན་གྱིས་བཤད།

    དགོང་མོའི་ཆུ་ཚོད་6པར། ཚགས་ཤའི་ཆུ་མོག་རླངས་པ་འཚུབ་འཚུབ་ངང་ཁང་པ་རེ་རེ་བཞིན་ལ་བསྐྱལ་སོང་། ཁང་པ་ཚང་མ་ནས་གློག་འོད་གསལ་ཐིང་ངེར་འཕྲོས་པ་དང་སྒེའུ་ཁུང་གི་ཤེལ་སྒོ་རླངས་པས་གྲིབ། ཆི་ཡའོ་ཝུན་བཟའ་ཚོས་འཁྱེར་ཡོང་བའི་གྱོན་ཆས་བསྡུ་གསོག་རྒྱག་བཞིན་དུ“གཉེན་ཉེ་དང་གྲོགས་པོ་ཚང་མ་ཉེ་འཁོར་དུ་ཡོད་པས་ད་ལོ་ལོ་གསར་འདི་གར་གཏོང་རྒྱུ་རེད། ཚང་མ་མཉམ་དུ་སྡོད་རྒྱུ་བྱུང་ན་དཀའ་ངལ་ཇི་ཙམ་ཡོད་ཀྱང་ཁྱད་བསད་བྱེད་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།