“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”གསར་པ་ཁག་གཅིག་ཀན་སུའུ་དང་བོད་ལྗོངས་སོགས་ཞིང་ཆེན་17དུ་སྐྱེལ་བ།
གསར་འགོད་པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཚེས་26ཉིན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གིས་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་ཕུལ་བའི“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”གསར་པ་50ཀན་སུའུ་དང་། བོད་ལྗོངས། ཤིན་ཅང་སོགས་ཞིང་ཆེན་17ལ་སྐྱེལ་འགོ་ཚུགས་པ་དེས། ས་གནས་དེ་གའི་བུད་མེད་དང་བྱིས་པར་བདེ་ཐང་བརྟག་དཔྱད་དང་། ནད་གཞི་སྐྱོབ་བཅོས། སྦྲུམ་མའི་འཕྲོད་བསྟེན་བདེ་སྲུང་བཅས་ཀྱི་ཞབས་འདེགས་ལ་སྤྱད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”སྤྲོད་པའི་རྣམ་གྲངས་2003ལོའི་ཟླ་བདུན་པ་ནས་འགོ་ཚུགས་ཤིང་། རྣམ་གྲངས་དེར་བདེ་ཐང་ཤེས་བྱ་ཁྱབ་གདལ་དང་། བདེ་ཐང་བློ་འདོན་དང་འོས་འགན་སྨན་བཅོས། བུད་མེད་ལ་རིན་མེད་ངང“འབྲས་སྐྲན་གཉིས”ཀྱི་བརྟག་དཔྱད་སོགས་ཚུད་ཡོད་པས། གཞི་རིམ་གྱི་མ་བུའི་བདེ་ཐང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། རྣམ་གྲངས་དེ་ལག་ལེན་བསྟར་ནས་ལོ་20སོང་རིང་། རྒྱལ་ཡོངས་ས་གནས་ཁག་ཏུ“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”3100ལྷག་ཙམ་ཞལ་འདེབས་ཕུལ་བ་དང་མི་ཐེངས་ཁྲི་8200ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།