《རྒྱལ་ཁབ་བཙུགས་ཚུན་གྱི་མའོ་ཙེ་ཏུང་གི་ཟིན་བྲིས》(དེབ་དང་པོ་ནས་ཉི་ཤུ་བར)དང《མའོ་ཙེ་ཏུང་གི་ལོ་རེའི་མཛད་དེབ》(དེབ་དང་པོ་ནས་དགུ་པ་བར)དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་ཆེད། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཁ་སྣོན་དང་དག་བཅོས་བྱས་པའི《རྒྱལ་ཁབ་བཙུགས་ཚུན་གྱི་མའོ་ཙེ་ཏུང་གི་ཟིན་བྲིས》(དེབ་དང་པོ་ནས་ཉི་ཤུ་བར)དང《མའོ་ཙེ་ཏུང་གི་ལོ་རེའི་མཛད་དེབ》(དེབ་དང་པོ་ནས་དགུ་པ་བར)ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། ཚེས་26ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་འགོ་ཚུགས་པ་རེད།
ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་དེ་སྔོན་རྩོམ་སྒྲིག་བྱས་པའི《རྒྱལ་ཁབ་བཙུགས་ཚུན་གྱི་མའོ་ཙེ་ཏུང་གི་ཟིན་བྲིས》ནི་ནང་ཁུལ་དུ་འགྲེམས་སྤེལ་བྱས་པ་ཞིག་ཡིན་ཞིང་། ད་རེས་ཡོངས་གྲགས་སུ་དཔེ་སྐྲུན་བྱས་པའི་དག་བཅོས་དེབ་ནང་ཟིན་བྲིས་ཁག་1069གསར་དུ་བསྣན་ཏེ། དེ་སྔོན་གྱི་དེབ་གྲངས་13ནས་ད་ལྟའི་དེབ་གྲངས་20བར་མང་དུ་བཏང་བར་ཁྱོན་ཡིག་འབྲུ་ཁྲི་757ཟིན་ཡོད། ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་དེ་སྔོན་རྩོམ་སྒྲིག་བྱས་པའི《མའོ་ཙེ་ཏུང་གི་ལོ་རེའི་མཛད་དེབ(1893ལོ་ནས1949ལོའི་བར)》དང《མའོ་ཙེ་ཏུང་གི་ལོ་རེའི་མཛད་དེབ(1949ལོ་ནས་1976ལོའི་བར)》ལ་ད་རེས་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་དག་བཅོས་བྱས་རྗེས་དེབ་གཉིས་པོ་གཅིག་ཏུ་བསྡུས་པར་ཁྱོན་དེབ་གྲངས་9དང་ཡིག་འབྲུ་ཁྲི་437ཟིན་ཡོད་པ་རེད།
《རྒྱལ་ཁབ་བཙུགས་ཚུན་གྱི་མའོ་ཙེ་ཏུང་གི་ཟིན་བྲིས》(དེབ་དང་པོ་ནས་ཉི་ཤུ་བར)ནི་ཞིབ་འཇུག་ལ་མཁོ་འདོན་བྱས་པའི་བམ་པོ་མང་པོ་ཕྱོགས་སྒྲིག་བྱས་པའི་ཚད་ལྡན་ཡིག་ཆ་གཅིག་བཏུས་ཤིག་རེད། 《མའོ་ཙེ་ཏུང་གི་ལོ་རེའི་མཛད་དེབ》(དེབ་དང་པོ་ནས་དགུ་པ་བར)ནི་བློ་མཐུན་མའོ་ཙེ་ཏུང་1893ལོར་སྐུ་འཁྲུངས་པ་ནས་1976ལོར་མྱ་ངན་ལས་འདས་པའི་བར་གྱི་ལོ་83རིང་གི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་དང་དེ་བཞིན་དགོངས་པ་དང་རིགས་པའི་གཞུང་ལུགས་འཕེལ་རྒྱས་བྱུང་ཚུལ་འཁོད་པའི་ལོ་རིམ་ལྟར་བསྒྲིགས་པའི་གསུང་རྩོམ་ཞིག་རེད། མུ་འབྲེལ་གསུང་རྩོམ་ཆ་ཚང་གཉིས་པོ་དཔེ་སྐྲུན་བྱས་པ་དེ་ནི། བློ་མཐུན་མའོ་ཙེ་ཏུང་གི་སྐུ་ཚེ་ཧྲིལ་པོ་དང་ལྷག་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་དགོངས་པ་དང་རིགས་པའི་གཞུང་ལུགས་དང་། ཕྱག་ལས་གནང་ལུགས་གནང་སྟངས། ལག་ལེན་བྱེད་སྒོ་བཅས་ལ་ཞིབ་འཇུག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་འགོ་ཁྲིད་གནང་བའི་གྲུབ་འབྲས་དང་། ཉམས་མྱོང་། དཀའ་སྤྱད་འཚོལ་ཞིབ་བཅས་ལ་ཞིབ་འཇུག་དང་། མའོ་ཙེ་ཏུང་གི་དགོངས་པའི་ཚན་རིག་གི་མ་ལག་གྲུབ་ཚུལ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཞིབ་འཇུག མའོ་ཙེ་ཏུང་གི་དགོངས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གསར་འབྱེད་ལ་ཕུལ་བའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ལ་ཞིབ་འཇུག་བཅས་བྱེད་པ་དང་། དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་རོགས་རམ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།