དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་ལས་འགན་ཁག་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

    —— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-28

    ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་བསམ་གཞིག་བྱེད་མཁས་པོ་དང་སྐུལ་འདེད་གཏོང་མཁས་པོ་བྱས་ཏེ་ཇི་མ་ཇི་བཞིན་དོན་འཁྱོལ་ལ་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན། དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་དམ་འཛིན། སྒྲུབ་ཕོད་པ་དང་སྒྲུབ་མཁས་པོས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་བ་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།

    སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཟིན་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དང་ཡང་ཡང་བསྡུར་བ་དང་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། ལས་དོན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་རྗེས་ལས་བྱེད་པ་ནི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་གཞིག་དང་གནད་དོན་ཐག་གཅོད་བྱེད་མཁས་པོ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཧུར་ཐག ཏང་ཀྲུང་དབྱང་གིས་འབོད་སྐུལ་བྱས་མ་ཐག་བོད་དུ་བྱ་སྤྱོད་སྤེལ་ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། ལྕག་སྐུལ་དང་གཅུན་འདོམས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིམ་པ་ཁག་གི་ལས་བྱེད་པས་རང་འགུལ་ངང་མདུན་དུ་གོམ་གང་སྤོ་བ་དང་རང་འགན་ཐེག་པ་འཁུར་ལེན་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བཅས་བྱེད་དགོས། ཡང་དག་པའི་སྟོན་ཕྱོགས་བཏོད་དེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་མཐའ་འཁྱོངས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་བཀོལ་སྤྱོད་ཡག་པོ་བྱས་ནས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

    ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས། ལས་བྱེད་པའི་དཔུང་ཁག་གི་ཆུ་ཚད་མཐོ་དམན་གྱིས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཀྱི་གྲུབ་འབྲས་གཏན་འཁེལ་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྟེན་ནས་ཏང་ཡོན་ལ་དྲག་ཆས་སྤྲོས་པ་དང་མང་ཚོགས་ལ་སློབ་གསོ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ལྟ་བ་གསར་བརྗེས་ལ་རྒྱུན་ཆད་མེད་པར་ཁྲིད་སྟོན། བསམ་བློའི་གནད་དོན་ཐག་གཅོད་ཧུར་ཐག འདུ་ཤེས་ཀྱི་འཆིང་རྒྱ་མེད་པར་བཟོ་བ་བཅས་བྱས་ཏེ་བསམ་བློ་གསར་པ་དང་འདུ་ཤེས་གསར་པར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིད་སྟོན་དེ་བས་ལེགས་པར་བྱེད་དགོས། ལས་ཀའི་འཇོན་ཐང་ཆེ་རུ་བཏང་ནས་གང་བྱེད་དེ་སྦྱོང་དང་གང་ཆད་དེ་གསབ་མཐའ་འཁྱོངས་བྱས་ནས་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་དགོངས་དོན་དང་རང་ངོས་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་མཁས་པོ་བྱེད་པ་དང་། གཏན་འཇགས་ཀྱི་བསམ་གཞིག་དང་ཐབས་ལམ་ཁོ་ནར་བརྟེན་པ་ལས་ཚད་བརྒལ་ཡོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལས་ཀའི་དམ་འཛིན་བྱེད་གཞི་ཇུས་འགོད་ཡག་པོ་བཅས་བྱས་ནས། ལས་ཀའི་མཐའ་མའི་གྲུབ་འབྲས་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པའི་འདོད་འདུན་དང་དེ་བས་མཐུན་པར་བྱེད་དགོས།

    ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་འགག་རྩ་ནི་དོན་འཁྱོལ་ལ་རག་ལུས་པ་དང་གཙོ་བོ་དངོས་སྒྲུབ་ལ་བརྟེན་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་འདུ་ཤེས་དང་བསམ་ཕྱོགས་ལེགས་སུ་གཏོང་བ་དང་། རང་འགན་ཐེག་པ་འཁུར་ལེན་བྱེད་མཁས་པ། དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་མུ་མཐུད་ཤུགས་རྒྱག་པ། ལས་དོན་དང་དམིགས་ཚད་ཚང་མ་གནད་དོན་ལ་དམིགས་པ། བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ། ཕན་འབྲས་ནས་མཚོན་པ་བཅས་བྱས་ནས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་ཁ་ཕྱོགས་མི་འཛོལ་བ་དང་། འགྱུར་བ་མི་འགྲོ་བ། ཇི་མ་ཇི་བཞིན་བཅས་ཡོང་བར་བྱེད་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གཙོ་གནད་ལས་འགན་གྱི་འགག་སྒྲོལ་ཚད་བརྒལ་ལ་བརྟེན་ནས་སྤྱི་ཡོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་ཁྲིད་བྱེད་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ཏེ་བྱ་ཐབས་དངོས་འདོན་པ་དང་ཕན་འབྲས་དངོས་དོན་གཉེར་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ། གྲུབ་འབྲས་དངོས་ལ་བརྟེན་ནས་ལས་ཀའི་བྱ་ཐབས་དང་། ལས་ཀའི་འཇོན་ཐང་། ལས་ཀའི་ཆུ་ཚད་བཅས་ལ་ཞིབ་དཔྱད་མཐའ་འཁྱོངས། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་བེད་སྤྱོད་ཡག་པོ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་ཤུགས་ཆེན་དར་བ་བཅས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཆེན་པོར་ཏན་ཏིག་འགྱུར་བ་བྱེད་དགོས།

    ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རིང་འགག་སྒྲོལ་དཀའ་སེལ་དང་ཧུར་སྐྱེད་ཡར་བརྩོན། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།