ཇ་ལོའི་ཡུལ་སྐོར་ཐོན་ལས་གཉེར་བས་ཇ་རི་གསེར་རིར་གྱུར་པ།
—— མེ་ཏོག་རྫོང་གིས་ཐོན་ལས་གཅིག་ལ་གསལ་ཐོ་གཅིག་དང་ཁེ་ལས་གཅིག་ལ་གཉེར་པ་གཅིག་གི་ཞབས་ཞུ་ཁྱབ་སྤེལ་བཏང་བའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས“ས་གནས་གསུམ་དང་སྦྲེལ་ཐག་གཅིག”གི་ས་མཐོའི་ཚ་ཁུལ་བར་མའི་ཁྱད་ལྡན་ཐོན་ལས་ཧུར་ཐག་གཉེར་ཞིང་། རྫོང་དེའི་ཁྲལ་དོན་ཅུས་ཀྱིས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་བཀོད་ཇུས་དང་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། “ཐོན་ལས་གཅིག་ལ་གསལ་ཐོ་གཅིག་དང་ཁེ་ལས་གཅིག་ལ་གཉེར་པ་གཅིག་གི་ཞབས་འདེགས་ཞུ་སྟངས་ཁྱབ་སྤེལ་བཏང་བ་དང་། “སྲིད་ཇུས་ཀྱིས་མི་འཚོལ་བ”དང“སྲིད་ཇུས་སྒོ་རྩར་སྐྱེལ་བའི”ཞབས་ཞུའི་ལས་དོན་ལག་ལེན་གནད་སྨིན་བསྟར་ནས། ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁེ་འབབ་ཐད་ཀར་དང་གང་མགྱོགས་ལོངས་སྤྱོད་ཐུབ་པར་འགན་ལེན་བྱས་ཏེ། མེ་ཏོག་གི་ཇ་ལོ་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།
“རྒྱལ་ཁབ་ཀྱིས་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་གསར་པ་བཏོན་མ་ཐག་ཁྲལ་དོན་ལས་དོན་པས་འབྲེལ་ཡོད་སྲིད་ཇུས་ཀྱི་གསལ་ཐོ་མགྱོགས་མྱུར་བཀྲམ་ནས། ང་ཚོར་ཁྱིམ་གྱི་སྒོ་དོན་མི་དགོས་པར་ཁྲལ་རིན་སྒོར་ཁྲི་87.77ཆག་ཡང་དང་རྩ་ཆག་བཏང་བྱུང་། དངུལ་དེ་དག་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཇ་ལོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཏག་ཏག་སྤྱོད་རྒྱུ་བྱུང་སོང”ཞེས་དགྱེ་གླིང་གྲོང་ཚོར་ཚོང་ཁང་བཙུགས་པའི་མེ་ཏོག་ཙང་ལིན་ཀྲི་པའོ་ཚད་ཡོད་ཀུང་སིའི་འགན་ཁུར་བ་ཧྲེན་ཆིང་དབྱིང་གིས་ངོ་སྤྲོད་བྱས།
དགྱེ་གླིང་གྲོང་ཚོའི་ཇ་ལོའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དེས་གྲོང་ཚོའི་དམངས་སྲོལ་གནས་ཚང་དང་། ཞིང་དུད་སྤྲོ་ཁང་། ནགས་གསེབ་དཔལ་འབྱོར་བཅས་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་མ་ཐེབས་ཡོད།
འདི་ལོའི་ཟླ་5པ་ནས་བཟུང་། དགྱེ་གླིང་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ཏེ་གྲོང་ཚོའི་དམངས་སྲོལ་གནས་ཚང་དང་ཞིང་དུད་སྤྲོ་ཁང་གི་ཚོང་ཇེ་ཡག་ཏུ་སོང་ཡོད། དགྱེ་གླིང་གྲོང་ཚོའི་དམངས་སྲོལ་གནས་ཚང་དང་པོའི་སྦྱིན་བདག་སྒྲོལ་མ་ཆོས་འཛོམས་ཀྱིས་གསར་འགོད་པར། “ཡུལ་སྐོར་བ་མང་དུ་སོང་བ་དང་སྦྲགས། དམངས་སྲོལ་གནས་ཚང་གི་གཉེར་སྐྱོང་རྣམ་གྲངས་ཀྱང་རིམ་བཞིན་སྣ་ཁ་མང་དུ་ཕྱིན་ཡོད། རྫོང་ཁྲལ་དོན་ཅུས་ཀྱིས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ང་ཚོར་དུས་ཐོག་ཏུ་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ཁྱབ་གདལ་བཏང་བྱུང་། ང་ཚོས་དུས་ཐོག་ཏུ་སྲིད་ཇུས་ཤེས་རྟོགས་དང་བེད་སྤྱོད་གཏོང་བའི་ངོས་ནས་བརྗོད་ན་དེ་ལྟ་བུའི‘གཅིག་གཏད་གཅིག’གི་ཟུར་ཁྲིད་ནི་དགོས་གལ་ཤིན་ཏུ་ཆེ”ཞེས་བརྗོད་བྱུང་།