དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ཡིད་ཆེས་བསྣན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2023-12-27

    ཉིན་ཤས་གོང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་འདི་ལོའི་དཔལ་འབྱོར་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་དུས་སང་གི་དཔལ་འབྱོར་ལས་དོན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་མཁན་རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་མཐོ་པོ་བྱས་ནས་ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་ཕྱིན་མེད་པ་དང་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ལས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་བརྟན་པོའི་རང་བཞིན་དང་སྒུལ་ཤུགས་དེ་བས་མང་བ་སྣོན་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

    “འཕེལ་རྒྱས་ཀྱི་མཉེན་ཤུགས་དང་གཏིང་ཤུགས་ཆེན་པོ་མངོན་པ”

    འདི་ལོ་ཚུན། རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་རྣམ་པ་བརྟན་པོ་མེད་པ་དང་སྒུལ་ནུས་ཞན་དུ་སོང་བའི་རྒྱབ་ལྗོངས་འོག་ཀྲུང་གོའི་གཞི་ཆེའི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་ལེགས་སུ་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.2%འཕར་ནས་འཕར་ཚད་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་པ་རྒྱུན་འཁྱོངས་ཐུབ་ཡོད།

    ཁུ་པའི་རྒྱལ་སྤྱིའི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨའེ་ཏེ་ཧྭ་ཏུའོ·ལེ་ཅ་ལཱ་ཏུའོ་ཡིས་འབྲེལ་ཡོད་གྲངས་གཞི་དྲངས་ནས་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་མཐའ་མའི་འཛད་སྤྱོད་གཏོང་སྒོས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་4.4%འཕར་བར་སྐུལ་ཁྲིད་བྱས་པ་དང་། མ་རྩ་གསོག་འབོར་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1.6%འཕར་བར་སྐུལ་ཁྲིད་བྱས་ཡོད། “ཀྲུང་གོའི་དཔལ་འབྱོར་གྱིས་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཁྱད་བསད་བྱས་ནས་འཕེལ་རྒྱས་ཀྱི་མཉེན་ཤུགས་དང་གཏིང་ཤུགས་ཆེན་པོ་མངོན་ཡོད”ཅེས་བརྗོད།

    ཕ་ཁི་སི་ཐན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཞིབ་འཇུག་སུའོ“རྒྱུད་གཅིག་ལམ་གཅིག”དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ས་ཁོངས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧ་སང་·ཏ་ཝུའུ་ཏེས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དཀའ་བའི་རྒྱབ་ལྗོངས་འོག་ཀྲུང་གོའི་དཔལ་འབྱོར་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད། “གསོན་ཤུགས་འདི་རིགས་ཕྱོགས་མང་པོ་ནས་མངོན་གྱི་འདུག ཀྲུང་གོར་སྐྱོད་རིམ་བཞིན་ངར་མྱོང་ཚོར་དང་གྲུབ་འབྲས་གསར་པ་ཐོབ་བྱུང” མྱུར་བགྲོད་མེ་འཁོར་ལ་སྡོད་པ་དང་སྒུལ་བདེའི་གཏོང་སྤྲོད་སོགས་ནི་ཀྲུང་གོ་ཡོངས་སུ་ཁྱབ་པ་དང་མི་མེད་གནམ་གྲུ་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་གསར་གཏོད་ཐོན་རྫས་ལ་རྒྱལ་སྤྱིའི་ཁྲོམ་རར་ཉིན་རེ་བཞིན་དགའ་བསུ་ཐོབ་པ་དེ་དག་ཚང་མ་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མངོན་ཚུལ་ཞིག་རེད། “ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་རྒྱ་ཆེར་གཏོང་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་བརྟན་པོ་ཡོང་བར་གོ་སྐབས་གསར་པ་བསྐྲུན་རྒྱུ་རེད”ཅེས་བརྗོད།

    “འཕེལ་རྒྱས་ཀྱི་སྤུས་ཚད་ཀྱང་ལེགས་སུ་བརྟན་པོ་ཕྱིན་པ”

    “2024ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་མྱུར་ཚད་འདི་ལོ་ལས་བརྒལ་རེ་ཡོད་པ”དང“ཀྲུང་གོ་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་འགག་རྩའི་སྒུལ་ཤུགས་ཤིག་རེད”ཅེས་པ་སོགས་རྒྱལ་སྤྱིའི་སྒྲིག་གཞིས་ཉེ་ཆར་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་མཐོ་རུ་བཏང་ནས་ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་འདི་ལོ་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་རེད།

    པར་ཙིར་གྱི་ཝ་ཅཱ་སི་ཐེབས་རྩ་ལྷན་ཚོགས་ཀྱི་དངུལ་རྩའི་རིགས་གཅིག་མཁས་ཅན་ཤཱ་ཧྭ་ཧྲེང་གིས། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ཡོད། “ལྗང་མདོག་ནུས་རྒྱུ་དང་། མི་ཐབས་རིག་ནུས། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཚན་རྩལ་གསར་གཏོད་ཐོན་ལས་འདི་དག་ལས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད”ཅེས་བརྗོད།

    མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་མཉམ་འཛུགས་སྒྲིག་གཞི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཕཱ་མའེ་ལ·ཁོའོ་ཁེ་—ཧན་སྨིར་ཏུན་གྱིས། གྲངས་འཛིན་ཚོང་དོན་འཕེལ་རྒྱས་ཀྱིས་ཚོང་ལས་ཀྱི་གོ་སྐབས་གསར་པ་བཏོད་ཡོད། ཀྲུང་གོས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པས་གོ་ལ་ཧྲིལ་པོ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་སུ་ཀྲུང་གོར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་ཁེ་ལས་ལ་དཔྱད་གཞི་མཁོ་འདོན་དང་རོགས་རམ་ཐུབ་རྒྱུ་རེད་ཅེས་བརྗོད།

    “ང་ཚོས་ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད”

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་ལོ་རྩིས་ཀྱི་འདོད་མོས་ཚོང་འགྲིག་དངུལ་འབོར་ཨ་སྒོར་དུང་ཕྱུར་784.1ཟིན་ནས་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་བཏོད་པ་དང་། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་འདེད་འགྲེམས་ཚོགས་སྐབས་དང་པོས་ལེ་ལག་ཚང་བའི་སྦྲེལ་མཐུད་དང་སྤེལ་རེས་བྱེད་སྒོ་ཐེངས་360ལྷག་ཙམ་གཉེར་བ་དང་། མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་འདོད་མོས་གྲོས་མཐུན་བཞག་པར་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་1500ལྷག་ཙམ་ཟིན་པ་སོགས་འདི་ལོ་ཚུན་དུ་ཀྲུང་གོས་དཔལ་འབྱོར་ཚོང་དོན་གྱི་འདུ་ཚོགས་གཟབ་རྒྱས་རབ་དང་རིམ་པ་འཚོགས་ནས་རྒྱལ་ཁབ་ཁག་ལ་ཁྲོམ་རའི་གོ་སྐབས་དང་། མ་འཇོག་གི་གོ་སྐབས། འཕར་སྣོན་གྱི་གོ་སྐབས་བཅས་དེ་བས་མང་བ་མཁོ་འདོན་བྱས་པ་ལས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཡིད་ཆེས་བརྟན་པོ་མངོན་ཡོད།

    ལེ་ཅ་ལཱ་ཏའོ་ཡིས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཀྲུང་གོའི་ཁྲོམ་ར་ཆེན་པོ་མཉམ་སྤྱོད་བྱེད་པ་བཅས་ལས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་ཡང་གོ་སྐབས་སྦྱིན་ཡོད། ཀྲུང་གོ་ནི་སྔར་རྒྱུན་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པར་ཡིད་ཆེས་ཡོད་ཅེས་བརྗོད།

    ཨེ་ཅིབ་ཀྱི་ཨེ་ཀྲུང་ཚོང་ཚོགས་ཀྱི་དྲུང་ཆེ་ཏི་ཡ·ཧོར་སྨི་ཡིས་རོགས་ཟླ་ཀྲུང་གོ་བ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རིང་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་དང་གསོན་ཤུགས་དངོས་སུ་ཚོར་བྱུང་། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡོད”ཅེས་བརྗོད།

    མི་རིང་བའི་གོང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་དབྱིན་ཇིའི་མན་ཁྲེ་སི་ཐེ་དབྱིན་ཀྲུང་མཐུན་ཚོགས་ཀྱི་ལག་བསྟར་སྤྱི་ཁྱབ་ལྟ་ཞིབ་པ་ལི་སི་·ཝོ་ལིར་བཅར་འདྲི་བྱེད་སྐབས། ཁོང་གིས“ཀྲུང་གོའི་བཟོ་སྐྲུན་ལས་རིགས་རིན་ཐང་འཁོར་འབྲེལ་ཕྱོགས་དང་བཙོག་འབུད་མེད་པའི་ཕྱོགས་སུ་མགྱོགས་མྱུར་སྒྱུར་བཞིན་ཡོད་པས་ལྗང་མདོག་འཕེལ་རྒྱས་ཐད་ཀྲུང་གོ་མདུན་གྲལ་དུ་སླེབས་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དཀའ་བ་དང་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་མང་དུ་ཕྱིན་ཡོད། འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པའི་ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་ལས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ཡིད་ཆེས་བསྣན་ཡོད། ང་ཚོས་ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།