རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།
ཟླ་12ཚེས་22ཉིན་དང་ཚེས་23ཉིན་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་ལེགས་ཆར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་སྒྲིག་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་9ཡི་ཐད་ཀྱི་གཙོ་གནད་ལས་དོན་ལ་དམིགས་པ་དང་ཤུགས་བརྒྱབ་སྟེ་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏིག་དང་ནུས་ཆེའི་ངང་ཡག་པོ་སྒྲུབ་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་ནན་བཤད་བྱས་དོན། ཚོང་གཉེར་ཁོར་ཡུག་བཟང་སྒྲིག་དང་ཚོང་འགུག་མ་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་གནས་བབ་གལ་ཆེན་ལ་བཞག་ནས་རྣམ་གྲངས་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན་དང་། ཐོན་ལས་ལ་དམིགས་ནས་ཚོང་འགུགས་ལ་དམ་འཛིན། གླིང་ཁུལ་ལ་དམིགས་ནས་ཚོང་འགུགས་ལ་དམ་འཛིན། བོད་སྐྱོར་ལ་དམིགས་ནས་ཚོང་འགུགས་ལ་དམ་འཛིན་བཅས་བྱས་ཏེ་རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་གསོན་ཤུགས་འདང་ངེས་དང་། ཕན་འབྲས་ཡག་པ། སྐུལ་ཁྲིད་བྱེད་ནུས་ཆེ་བ་བཅས་ཀྱི་སྤུས་ལེགས་ཁེ་ལས་དང་རྣམ་གྲངས་ཁག་གཅིག་དངོས་སུ་གཞིས་ཆགས་པ་བྱེད་དགོས།
ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིཌ་པ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་སྤེལ་བར་སྐུལ་འདེད་བཏང་སྟེ“2+2+3”ཕྱོགས་བསྡུར་སྐར་ཁུང་སྒྱུར་བཅོས(ཉིང་ཁྲི་གྲོང་ཁྱེར་དང་བྲག་ཡིབ་ཆུས་ཀྱི་རིམ་གཉིས་སྐར་ཁུང+ཧེ་བག་མེད་པའི་བདག་སྤྲོད་ཕྱོགས་བསྡུས་སྐར་ཁུང་དང་ཁྱབ་ཁོངས་དབྱེ་བའི་བདག་སྤྲོད་ཕྱོགས་བསྡུས་སྐར་ཁུང+གཏུག་བཤེར་དང་།བློ་འདྲི། ལྟ་སྐུལ་བཅས་ཀྱི་ཐ་སྐྱོང་སྐར་ཁུང་གསུམ)བྱེད་འགོ་ཚུགས་ནས་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་རིམ་སྤོར་བྱས་ཏེ། ཉིང་ཁྲིར་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་པ་དང་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྒྲུབ་ཁུལ་སྐྲུན་པར་སྐུལ་འདེད་བཏང་ཡོད། “གོམ་སྟབས་རྗེས་མར་ང་ཚོས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དཔལ་འབྱོར་ལས་དོན་གྱི་སྤྱི་ཡོངས་ཀྱི་བླང་བྱ་དང་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་སྟངས་འཛིན་གནད་སྨིན་བྱེད་པ་དང་། སྲིད་དོན་གྱི་ཞབས་ཞུའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། ཁེ་ལས་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་སྟབས་བདེ་རུ་གཏོང་བ། ཚོང་འགུགས་མ་འདྲེན་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། ཁེ་ལས་འཕེལ་རྒྱས་བཅས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་ཀྱི་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཕུར་བུ་མཚམས་གཅོད་ཀྱིས་བཤད།
“ཚང་འཛོམས་གྲོས་ཚོགས་ཐོག་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་མཐའ་འཁྱོངས་ཀྱིས་ལེགས་ཆའི་ཐོན་ཁུངས་དང་། འཛད་སྤྱོད་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་བཅས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་ལ་ཁྲིད་སྟོན་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་དང་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པ་ལ་སོགས་པའི་ནན་བཤད་བྱས་ཡོད་པ་ལས་འབྱུང་འགྱུར་འཕེལ་རྒྱས་ཐད་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་གཡུ་གཞོང་དྲ་ཐོག་ཚོང་དོན་ཕྱིར་ཚོང་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་བསྟར་ཏུང་ཧྲི་སྐལ་བཟང་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད།
2023ལོར་ཀུང་སིས་ཁྱོན་སློབ་ཆེན་སློབ་མ་13ལས་ཞུགས་བྱེད་པར་སྐུལ་ཁྲིད་དང་མཉམ་ལས་ཁང་4ཞོར་ལ་འཕེལ་རྒྱས་གཏོང་རོགས་བྱས་པར་ལས་གཉེར་དངུལ་འབོར་སྒོར་ཁྲི་439བྱུང་བ་རེད། སྐལ་བཟང་བཀྲ་ཤིས་ཀྱིས། ཀུང་སིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དྲ་ཐོག་ཚོང་དོན་གྱི་ཁྲོམ་རའི་གོ་སྐབས་གསར་པ་རྒྱུན་མཐུད་འཚོལ་ཞིབ་བྱས་ཐོག་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ལྗོངས་ཕྱིའི་ཁྲོམ་ར་ཆེན་པོར་བཏོན་ནས་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་ས་ཁོངས་འཐབ་ཇུས་ཀྱི་བསམ་བློར་བརྟེན་ནས“རྫོང་ཁོངས་དཔལ་འབྱོར”འཕེལ་རྒྱས་ལ་ཇུས་འགོད་བྱས་ཏེ་དོན་དངོས་ལ་གཞི་ཚུགས་པ་དང་གནད་ཀྱིས་ཁྱོན་ཁྲིད་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས་པའི་ནན་བཤད་བྱས་ཡོད། དེའི་ཐད་ཀོང་པོ་རྒྱ་མདའ་རྫོང་ང་ཕོད་གྲོང་ཚོའི་ཞིང་འབྲོག་པའི་ཕྱོགས་བསྡུས་ཁྱད་ལྡན་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་བསམ་གཏན་དབང་མོས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཚེ། ལས་ཞུགས་དེ་བས་ཡག་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཐུབ་པ་དང་དུས་མཚུངས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་ཐད་ཀར་སྐུལ་ཁྲིད་ཐུབ་ཀྱི་ཡོད། དེར་བརྟེན་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སོང་བ་དེས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
“ང་ཚོའི་མཉམ་ལས་ཁང་ལ་འདི་ལོ་ཁེ་སྤོགས་སྒོར་ཁྲི་20ལྷག་ཙམ་བྱུང་བ་དང་སང་ལོ་ང་ཚོས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མཉམ་འདྲེས་ཡོང་བར་བྱས་ཏེ་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པ་དེ་བས་མང་བ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡིན”ཞེས་བསམ་གཏན་དབང་མོས་གསར་འགོད་པར་བཤད།