དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཙོ་གནད་མངོན་གསལ་དོད་པ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

    —— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2023-12-27

    “བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་སྤྱི་འདོམས་ཀྱིས་གཙོ་གནད་མངོན་གསལ་དོད་པ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས”རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་ཚན་རིག་དང་མཐུན་པའི་ངང་ཕྱོགས་དགུ་ཡི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ནས་རང་ལྗོངས་ཀྱི་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་འབད་རྩོན་གྱི་ཁ་ཕྱོགས་དང་ལས་འགན་དང་བླང་བྱ་ཁ་གསལ་བཏོན་ཡོད།

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འགལ་ཟླ་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱེད་པ་ནི་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། གཙོ་གནད་མངོན་གསལ་དོད་པོ་བྱུང་ཚེ། གཞི་ནས་རྩ་བ་འཛིན་ཐུབ་པ་དང་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་ཐུབ། ལས་དོན་གྱི་གཙོ་གནད་བཙལ་འཚོལ་ཐུབ་ཚེ། གཞི་ནས་ཁ་ཕྱོགས་རྙེད་ཐུབ་པ་མ་ཟད། ལས་ཀའི་རྣམ་པ་ཡང་གསར་པ་གཏོད་ཐུབ། སང་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་པར་འགྲན་སློང་དང་། གོ་སྐབས། དཀའ་ངལ། རེ་བ་བཅས་མཉམ་དུ་གནས་ཡོད། གཏན་ལ་འཁེལ་བའི་དམིགས་ཚད་མངོན་འགྱུར་བྱེད་པར། བྱ་ཟིན་ཉ་ཟིན་མི་བྱེད་པར་ངེས་པར་དུ་སྤྱི་ཡོངས་ཀྱི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་དོན་ཆེན་དམ་འཛིན་བྱས་ཏེ་གནད་སྨིན་སྣེ་ཁྲིད་དང་ནད་བསྟུན་སྨན་བཅོས་བྱེད་དགོས། ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཏོན་པའི་གཙོ་གནད་ལས་དོན་དང་ལས་འགན་ལ་སྤྱི་འདོམས་བྱས་ཏེ་གོ་ཆོད་པའི་མ་དངུལ་ལ་བརྟེན་ནས་ནུས་པ་སླར་ཡང་ཆེ་རུ་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་ཡོང་བར་བྱེད་པའམ་ཡང་ན། ཚོང་གཉེར་ཁོར་ཡུག་སླར་ཡང་ལེགས་སྒྲིག་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་མངོན་འགྱུར་བྱེད་པར་སྐུལ་སྤེལ་གསར་པ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་དམངས་འཚོའི་ལས་དོན་གྱི་རྣམ་པ་གསར་པ་བཏོད་པའམ་ཡང་ན་སྒོ་དབྱེའི་ཆུ་ཚད་གོང་མཐོར་གཏོང་བར་བརྟེན་ནས་དབྱར་མཚོ་རྒྱས་པ་ལྟར་གྱི་བོད་ལྗོངས་གསར་པ་མངོན་པ་བཅས་གཙོ་གནད་ཀྱི་ལས་དོན་ཚང་མ་ནི་སྐྲ་ཉག་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་བ་ལྟར་ཡིན་པས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགག་རྩ་དང་གཙོ་གནད་དམ་འཛིན་ཐུབ་པ་དང་། གཙོ་གནད་ཚད་བརྒལ་ཡོང་བར་བརྟེན་ནས་སྤྱི་ཡོངས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ལག་ལེན་བྱེད་ཐབས་ཁ་གསལ་བཟོས་ཡོད། དམིགས་ཡུལ་དང་ལས་འགན་ལ་དམ་འཛིན་གནད་འཁེལ་བྱས་ཚེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“གནད་འགག”ལ་དམ་འཛིན་ཐུབ་པ་མ་ཟད། རྩ་བར་དམ་འཛིན་དང་ཕྱོགས་གཅིག་ཏུ་ཤུགས་བརྒྱབ་ནས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱེད་ཐུབ།

    མཚོན་རྟགས་བཙུགས་ཏེ་སྤྱི་ཡོངས་ལ་སྣེ་ཁྲིད་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་པར། ང་ཚོས་སྨྲ་བ་གཉིས་དང་གཙོ་གནད་སྨྲ་བ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་འགལ་ཟླ་གཙོ་བོ་དང་འགལ་ཟླ་གཞན་དག་ཐག་གཅོད་བྱེད་པར་སྣེ་ཁྲིད་དང་འགག་རྩའི་ལྷུ་ཚིགས་ཀྱི་ལས་འགན་ལེགས་པོ་སྒྲུབ་པར་བརྟེན་ནས་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། མ་དངུལ་ནུས་ལྡན་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་འབྱུང་འགྱུར་ལ་ཕྱོགས་ནས་འཆར་འགོད་ལ་དམ་འཛིན་དང་། གཙོ་གནད་ལ་དམིགས་ཏེ་འཕེལ་རིམ་ལ་དམ་འཛིན། ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ལེགས་ཆའི་ཐོན་ཁུངས་དང་། འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་བཅས་ལ་བརྟེན་ནས་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་གསོན་ཤུགས་ལྡན་པ་དང་། ཕན་འབྲས་བཟང་བ། སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་ལེགས་ཆའི་ཁེ་ལས་དང་རྣམ་གྲངས་སྤུས་ལེགས་ཁག་གཅིག་དངོས་འབྲེལ་གཞིས་ཆགས་ཐུབ་པར་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་དགོས། དངུལ་རྩའི་ཞབས་ཞུའི་མཁོ་སྤྲོད་ལེགས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་། དངུལ་རྩའི་ཐོན་ཁུངས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་བཀོད་སྒྲིག་བྱེད་པར་ཁྲིད་སྟོན། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་དངུལ་རྩའི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ནུས་ལྡན་བྱེད་དགོས། དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ལས་གཏོད་རྒྱ་ཆེར་གཏོང་བ། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒོ་དབྱེའི་ལས་སྟེགས་སྔར་བས་མང་བ་གཏོད་པ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་ཤུགས་སྣོན་བརྒྱབ་ནས། མཐའ་སྟོབས་མཐའ་བརྟན་མངོན་གསལ་དོད་པ་དང་། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མཐའ་སྲུང་མཐའ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། མི་རིགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས།

    རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས། ལྗོངས་ཏང་ཨུད་ཀྱིས་བཏོན་པའི་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་ལ་སྐུལ་འདེད་གཏོང་བའི་འབྲེལ་བའི་རང་བཞིན་ཇེ་ཟབ་ཏུ་འགྲོ་བར་ངོས་འཛིན་གཏིང་ཟབ་ཡོང་བར་ངེས་པར་དུ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག བརྟན་ལྷིང་དང་། སྐྱེ་ཁམས། མཐའ་སྟོབས། ཏང་འཛུགས་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཆ་ཤས་དང་སྤྱི་ཡོངས་དང་མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། མཐུན་སྦྱོར་ཤུགས་འདོན་དང་ཕན་ཚུན་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་ཕྱོགས་ཡོངས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་སང་ལོའི་ལས་དོན་གྱི་གཙོ་གནད་ལས་འགན་དང་འགག་རྩའི་ལྷུ་ཚིགས་ཐོག་གཅིག་གྱུར་དང་། ཐོན་ཁུངས་ཀྱི་ལེགས་ཆ་ཆེ་ཤོས་འདོན་པ་དང་ལེགས་ཆའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། གཙོ་གནད་ལས་འགན་ལ་ཤུགས་རྒྱག་པར་དམིགས་ཏེ། རེ་རེ་བཞིན་གསེད་བཀྲོལ་དང་རེ་རེ་བཞིན་དོན་འཁྱོལ་དང་། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས། མཐུན་སྦྱོར་མཉམ་སྒུལ་མངོན་འགྱུར་ཡོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་བསྐྲུན་པའི་བརྗིད་ཆེའི་ལམ་བུར་བྱས་རྗེས་གསར་པ་འཇོག་པ་དང་བྱ་གཞག་གསར་པ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།