ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།
ཀྲུང་ནིའི་དབར་ཕྱི་འབྲེལ་སླར་གསོ་བྱས་པ་དེ་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཀྲུང་ནིའི་དབར་ཕྱི་འབྲེལ་སླར་གསོ་བྱས་པ་དེ་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན་ཞེས་བརྗོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ་དུས་རབས་གསར་པར་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་ཀྲུང་ལའི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་ལའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་སྐས་རིམ་གསར་པར་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པས། ཉིན་ཤས་གོང་ཀྲུང་གོ་དང་ནི་ཁ་ར་ཀྭ་དབར་ཕྱི་འབྲེལ་སླར་གསོ་བྱས་ནས་ལོ་གཉིས་འཁོར་བའི་མཚམས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨོར་ཐེ་ཅ་དབར་ཞལ་པར་བསྐྱོན་རེས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ནིའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་དངོས་སུ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། དེ་ནི་འདི་ལོ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱི“གྲོགས་ཚོགས”ཟམ་མི་ཆད་པར་ཆེ་རུ་དང་གཏིང་ཟབ་ཏུ་འགྲོ་བའི་མཇུག་བསྡུའི་བྱ་བ་ཞིག་རེད། མགྲིན་ཚབ་པས་ཀྲུང་ནི་དང་ཀྲུང་ལའི་མཉམ་ལས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་སྔར་བས་གསལ་པོ་ཞིག་བྱས་ན་ཡོང་ངམ་ཞེས་དྲིས།
“ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨོར་ཐེ་ཅ་ཡིས་ཀྲུང་གོ་དང་ནི་ཁ་ར་ཀྭ་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད། ཀྲུང་ནིའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་ལ། རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཀྱང་ཡོད”ཅེས་དང་ཕྱི་འབྲེལ་སླར་གསོ་བྱས་ནས་ལོ་གཉིས་རིང་གཙོ་བདག་གི་ཕྱི་འབྲེལ་གྱི་སྣེ་ཁྲིད་འོག ཕྱོགས་གཉིས་པོས་ཀྲུང་ནིའི་འབྲེལ་བའི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་བྱས་པས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་། འཐབ་ཇུས་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་མགྱོགས་མྱུར་སྐུལ་འདེད་ཐེབས་པ། ཕྱི་འབྲེལ་སླར་གསོ་བྱུང་བའི་ཕན་པ་ཟམ་མི་ཆད་པར་ཐོབ་བཞིན་ཡོད་ཅེས་དབང་ཝུན་པིན་གྱིས་བརྗོད་པ་རེད།
དབང་ཝུན་པིན་གྱིས། ཁོ་སི་ཐ་རི་ཁ་དང་། ཕ་ན་མ། ཏོ་སྨི་ནི་ཁན། སར་ཝ་ཏོལ། ནི་ཁ་ལ་ཀྭ། ཧུང་ཏུ་ར་སི་བཅས་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་སྔ་རྗེས་སུ་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའམ་ཡང་ན་སླར་གསོ་བྱས་ཡོད། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དེ་བས་མང་པོ་ཞིག་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱས་པ་དང་འབྲེལ་དེའི་ནང་ཞུགས་ཏེ། ཀྲུང་ལའི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་གཏོད་བཞིན་ཡོད་ཅེས་བརྗོད་པ་རེད།
དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ནི་སྟོབས་ཤུགས་སྣ་ཚོགས་ཕན་ཚུན་འཐབ་འཛིང་བྱེད་པའི“རྩལ་འགྲན་ར་བ”མིན་པའི་ངོས་འཛིན་ཐོག་མཐའ་བར་གསུམ་དུ་བྱེད་ཀྱི་ཡོད་ཅེས་དང“ང་ཚོས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གིས་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་རྟེན་ངང་གདམ་ག་བྱེད་པར་མུ་མཐུད་བརྩི་འཇོག་དང་། ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་མཉམ་འབྲེལ་བྱས་ནས་རང་སྟོབས་ཆེ་རུ་གཏོང་བ་དང་ལ་ཏིང་མེ་གླིང་གི་བྱ་ཐབས་ལ་བརྟེན་ནས་ལ་ཏིང་མེ་གླིང་གི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ་དུས་རབས་གསར་པར་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་ཀྲུང་ལའི་འབྲེལ་བ་ཟབ་ཏུ་བཏང་སྟེ། ཀྲུང་ལའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་སྐས་རིམ་གསར་པར་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད”ཅེས་བརྗོད་པ་རེད།