དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོ་སྲིད་གཞུང་གིས་ཞི་བདེའི་དམིགས་ཡུལ་གྱི་ཆེད་དུ་རླུང་ཁམས་ཆགས་རིམ་གྱི་ཕྱི་རོལ་འཚོལ་ཞིབ་དང་བེད་སྤྱོད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཀྲུང་གོ་སྲིད་གཞུང་གིས་ཞི་བདེའི་དམིགས་ཡུལ་གྱི་ཆེད་དུ་རླུང་ཁམས་ཆགས་རིམ་གྱི་ཕྱི་རོལ་འཚོལ་ཞིབ་དང་བེད་སྤྱོད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་འདྲ་མཉམ་གཉིས་ཕན་དང་། ཞི་བའི་བེད་སྤྱོད། བསྟུན་མཁས་འཕེལ་རྒྱས་བཅས་ཀྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་འཇིག་རྟེན་འཕུར་སྐྱོད་ཀྱི་སྤེལ་རེས་དང་མཉམ་ལས་བྱས་ཏེ་རླུང་ཁམས་ཆགས་རིམ་གྱི་ཕྱི་རོལ་ཁྱབ་ཁོངས་སུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གོང་གསལ་གྱི་སྐད་ཆ་དེ་བརྗོད་ཅིང་། ཁོང་གིས་ད་དུང་ཨ་རིའི་ཉེ་དུས་ཀྱི་འབྲེལ་ཡོད་གཏམ་བརྗོད་ལ་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་བྱས་པ་རེད།

    གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་པོ་ཨེན་སི་ཡིས། ཀྲུང་གོས་ཨ་རི་དང་ཟླ་དཔྱད་ཐད་མཉམ་ལས་བྱེད་འདོད་མེད་པ་དང་བར་སྣང་ཁམས་རྒྱལ་ཁབ་གཉིས་ཀྱི་རྩལ་འགྲན་ར་བར་འགྱུར་རྒྱུ་རེད་ཅེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    དབང་ཝུན་པིན་གྱིས། ཨ་རི་ཕྱོགས་དང་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེའི་རྣམ་འགྱུར་འཛིན་གྱི་ཡོད། དེ་སྔོན་ཨ་རི་ཕྱོགས་དང་སའི་གོ་ལའི་ཚན་རིག་དང་བར་མཐོངས་ཚན་རིག་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ལས་དོན་ཚོགས་ཆུང་དང་ཀྲུང་ཨའི་དམངས་སྤྱོད་འཇིག་རྟེན་འཕུར་སྐྱོད་ཀྱི་སྐད་ཆ་ཤོད་རེས་སོགས་ཀྱི་ལམ་སྲོལ་བཟོས་ཡོད། འོན་ཀྱང་ཨ་རི་ཕྱོགས་ཀྱིས་འཇམ་འཐབ་ཀྱི་བསམ་གཞིག་ལ་བརྟེན་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་ལས་ལ་ལྟ་སྟངས་བཟུང་ཞིང་། “ཝོར་ཧྥུའུ་དོན་ཚན”དང་། “2021ལོའི་ཨ་རིའི་གསར་གཏོད་དང་འགྲན་རྩོད་ཀྱི་ཁྲིམས་གཞི” “2022ལོའི་ཨ་རིའི་འགྲན་རྩོད་ཁྲིམས་གཞི”སོགས་རྒྱལ་ནང་གི་བཅའ་ཁྲིམས་བཏོན་ནས་ཕྱོགས་གཉིས་ཀྱི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཚོད་འཛིན་དང་འགོག་རྐྱེན་བཟོས་པ་མ་ཟད་ཐ་ན་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཁེ་ལས་ལ་ཕྱོགས་རྐྱང་པའི་བཀག་སྡོམ་ཡང་བྱས་ཡོད། འདི་ནི་མིག་སྔར་ཕྱོགས་གཉིས་ཀྱི་མཉམ་ལས་དཀའ་ངལ་གྱི་གནས་སུ་གྱར་བའི་འབྱུང་རྩ་རེད་ཅེས་བརྗོད་པ་རེད།

    ཁོང་གིས། ཟླ་བའི་གོ་ལ་དང་བར་སྣང་ཁམས་ཀྱི་འཚོལ་ཞིབ་ཁྱབ་ཁོངས་སུ་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད། ཉེ་དུས་ཀྲུང་གོ་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ཕྱི་ཕྱོགས་སུ་ཟླ་བའི་གོ་ལའི་དངོས་དཔེ་བགོས་སྤྲོད་ཕྱོགས་སྟོན་དང་དེ་བཞིན་ཟླ་བའི་ལྷ་མོ་ཨང་བརྒྱད་པའི་ལས་འགན་གྱི་རྒྱལ་སྤྱིའི་མཉམ་ལས་གོ་སྐབས་ཀྱི་སྤྱི་བསྒྲགས་སྤེལ་བ་རེད། “ང་ཚོས་ཨ་རི་ཚུད་པའི་རྒྱལ་ཁབ་ཁག་གི་ཚན་ཞིབ་མི་སྣས་འབྲེལ་ཡོད་བརྒྱུད་རིམ་གཞིར་བཟུང་རེ་ཞུ་བྱེད་པར་དགའ་བསུ་ཞུ་གི་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ལྷག་བསམ་ཟོལ་མེད་ངང་སྐུལ་འདེད་གཏོང་འདོད་ཡོད་ཚེ། འབྲེལ་ཡོད་ཀྱི་ཁྲིམས་གཞི་ཕྱིར་འཐེན་དང་རྩིས་མེད་གཏོང་བ་དང་། འགན་མི་འཁུར་བའི་གཏམ་བརྗོད་སྤེལ་མཚམས་འཇོག་དགོས་པ་མ་ཟད། དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ་ཕྱོགས་གཉིས་ཀྱི་མཉམ་ལས་ལམ་བུའི་ཐོག་གི་བཀག་རྡོ་ཡང་མེད་པར་བཟོ་དགོས”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།