དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཟོལ་མེད་བརྩེ་བ་བཅངས་ནས་སྤྱི་ཕན་སྨན་བཅོས་གང་ལེགས་བྱས་པ།

    —— ཧྥུའུ་ཅན་ཞིང་ཆེན་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་འོས་འགན་སྨན་བཅོས་བྱས་ནས་ཆབ་མདོའི་ཕྲུ་གུ་ནད་པར་ལྟ་སྐྱོང་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-26

    དགུན་ཁར་ཆབ་མདོའི་རྒྱུད་དུ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཟིན་གྱི་ཡོད། ཟླ་11གི་ཟླ་མཇུག་ལ་མཐའ་མཇུག་གི་ཕྲུ་གུ་ནད་པ་བཞི་ཆབ་མདོའི་སྤང་མདའ་གནམ་ཐང་དུ་འབྱོར་བ་དང་སྦྲགས། ཁག་3དུ་ཕྱེ་ནས་ཧྥུའུ་ཅན་ཞིང་ཆེན་དུ་སྤྱི་ཕན་སྐྱོབ་བཅོས་དང་ལེན་བྱེད་པར་འགྲོ་མཁན་ཆབ་མདོའི་ཕྲུ་གུ་ནད་པ་17ཚང་མ་བདེ་བླག་ངང་ཆབ་མདོར་ལོག་པ་རེད།

    ཆབ་མདོའི་ས་བབ་མཐོ་ཞིང་རི་ཀླུང་མང་བས་འགྲིམ་འགྲུལ་སྟབས་བདེ་པོ་མེད་ལ་སྨན་བཅོས་ཀྱི་ཆ་རྐྱེན་ཡང་ཅུང་ཞན་ཙམ་ཡོད། གནས་འདིའི་སྒལ་རུས་གུག་པའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་ཡ་མ་གཟུགས་ཀྱི་ནད་བཅས་ཕོག་པའི་ཕྲུ་གུ་མང་པོ་ཞིག་ལ་དུས་ཐོག་ཏུ་སྨན་བཅོས་ཐུབ་ཀྱི་མེད།

    དཀའ་གནད་དེ་སེལ་ཆེད། ཉེ་བའི་ལོ་གཉིས་རིང་ཧྥུའུ་ཅན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་དང་བཅུ་པ། དེ་བཞིན་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཐུན་མོང་འབད་བརྩོན་འོག ཧྥུའུ་ཅན་ཞིང་ཆེན་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་མང་པོས་ངལ་བར་མི་འཛེམ་པར། ལེ་དབར་སུམ་སྟོང་གི་རི་ཀླུང་མང་པོ་བརྒལ་བ་མ་ཟད། ལ་དུག་ཕོག་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཀྱང་ཁྱད་དུ་བསད་ནས་ཧྥུའུ་ཅན་དང་ཆབ་མདོའི་དབར་ཕར་འགྲོ་ཚུར་འོང་བྱས་ཤིང་། དེའི་རིང་སྒལ་རུས་གུག་པའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་ཡ་མ་གཟུགས་ཀྱི་ནད་སོགས་སྨན་བཅོས་བྱེད་པའི་ཆེད་དོན་འོས་འགན་སྨན་བཅོས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གངས་ལྗོངས་ས་མཐོའི་ཕྲུ་གུ་ནད་པར་བརྩེ་སེམས་དང་དྲོ་སྐྱིད་སྦྱིན་པ་རེད།

    འདི་ལོའི་ཟླ་6པ་ནས་བཟུང་། ཧྥུའུ་ཅན་ཞིང་ཆེན་གྱི་ཞིང་བཙུགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཞུས་ཅེ་དང་། རུས་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་ལུའོ་ཧྥན་ཆི་དང་ཀྲེན་ཝུའུ་སོགས་སྔ་རྗེས་སུ་གངས་ལྗོངས་ས་མཐོར་འོས་འགན་སྨན་བཅོས་བྱེད་པར་ཡོང་ཞིང་། ཨན་ཤིས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་། ཧོ་ནན་ཞིང་ཆེན་ཐ་ཧོ་དཔྱི་རུས་ཆེད་བཅོས་སྨན་ཁང་། ཧོ་རེན་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་སོགས་ཚན་པའི་རྒྱབ་སྐྱོར་འོག ཆབ་མདོའི་ཕྲུ་གུ་ནད་པ་ཁག་བགོས་ནས་ཧྥུའུ་ཅན་ཞིང་ཆེན་གྱི་ཞིང་བཙུགས་སྨན་ཁང་དུ་སྤྱི་ཕན་སྐྱོབ་བཅོས་བྱེད་པར་གཏོང་རྒྱུའི་འཆར་གཞི་བཀོད་པ་རེད།

    འདི་ལོའི་ཟླ་8པར་ཁག་དང་པོའི་སྒལ་རུས་གུག་པའི་ཕྲུ་གུ་ནད་པ་གསུམ་ཧྥུའུ་ཅན་དུ་བསྐྱོད་ནས། རུས་ནད་ཚན་ཁག་ཏུ་སྒལ་རུས་གུག་པ་ཡོ་བསྲང་གི་གཤགས་བཅོས་དང་ལེན་བྱས་པ་བརྒྱུད་སྐེད་པ་འདྲོང་པོ་ཆགས་པ་དང་། ཟླ་9པར་ཁག་གཉིས་པའི་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པའི་ཕྲུ་གུ་10ཧྥུའུ་ཅན་དུ་བསྐྱོད་ནས་པུས་ཚིགས་བརྗེ་བའི་གཤགས་བཅོས་དང་ལེན་བྱས་པ་བརྒྱུད་མི་ཚེ་གསར་པ་སྐྱེལ་འགོ་ཚུགས་པ། ཟླ་11པར་ཁག་གསུམ་པའི་ལག་པ་དང་རྐང་པ་ཡ་མ་གཟུགས་ཡིན་པའི་ཕྲུ་གུ་ནད་པ་4ཧྥུའུ་ཅན་དུ་བསྐྱོད་ནས་གཤགས་བཅོས་དང་ལེན་བྱས་པ་བརྒྱུད་དྲག་སྐྱེད་ཡག་པོ་བྱུང་ཡོད།

    ལེ་དབར་སུམ་སྟོང་གི་རི་ཀླུང་མང་པོ་བརྒལ་ཏེ་ཧྥུའུ་ཅན་ཞིང་ཆེན་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་དང་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ལས་བྱེད་པས་མཉམ་དུ་ཧྥུའུ་ཀྲོའུ་དང་ཆབ་མདོ་གཉིས་སུ་ཕར་རྒྱུག་ཚུར་རྒྱུག་བྱས་ཤིང་། ཟོལ་མེད་ཀྱི་བརྩེ་སེམས་བཅངས་ཏེ་གངས་ལྗོངས་ས་མཐོའི་ནད་པར་སྐྱོབ་བཅོས་གང་ཐུབ་བྱས་ཡོད།

    འདི་ལོའི་ཟླ་11པ་བར། ཧྥུའུ་ཅན་ཞིང་ཆེན་གྱི་ཞིང་བཙུགས་སྨན་ཁང་གིས་ཆབ་མདོ་གྲོང་ཁྱེར་གྱི་ནད་པ་50ཙམ་ལ་སྒལ་རུས་གུག་པའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་ཡ་མ་གཟུགས་ཀྱི་ནད་སོགས་ཀྱི་སྤྱི་ཕན་སྨན་བཅོས་སྐྱོབ་རོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།