གངས་རིའི་འདབས་སུ་ཤིང་འབྲས་དང་སྔོ་ཚལ་གྱི་ཐོན་འབབ་ལེགས་པ།
—— ས་བབ་མཐོ་ཚད་སྨི་4400ཟིན་པའི་ཁང་དམར་རྫོང་གི་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ཆེན་ཉམས་ལེན་བྱས་པ།
འདི་ནི་ཁང་དམར་རྫོང་གི་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ཆེན་ལ་ས་གནས་དེ་གའི་མང་ཚོགས་ཀྱིས་དྲོད་ཁང་ཆེན་པོ་ནས་ཀྲོ་མ་ཀྲུ་ཆུང་ཆུང་འཐུ་བཞིན་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་དུ་འདི་ལོའི་དགུན་ཁ་ཤར་ཚུན་གྱི་གངས་དང་པོ་དེ་བབས་པ་རེད། གངས་བབས་རྗེས་ནམ་མཁའ་སྔོ་ཐིང་ངེར་གྱུར་པས་ཁང་དམར་རྫོང་གི་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ཆེན་དང་ས་ཞིང་ནང་བཤུག་བཏང་བའི་གླ་སྤྲོད་པའི་མཛད་སྒོ་བདེ་བླག་ངང་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་ས་དམར་མདའ་ཤང་གི“ཁང་དམར་རྫོང་གི་སྔོ་ཚལ་སྤུས་ལེགས་ཐོན་སྐྱེད་རྟེན་གཞིར”ཡིན་ཞིང་། རྟེན་གཞིར་བསྐྱོད་མ་ཐག་གངས་འཁྱག་གི་ཁྲོད་ཤིང་འབྲས་དང་སྔོ་ཚལ་གྱི་དྲི་ཞིམ་ངང་གིས་འཐུལ།
དྲོད་ཁང་སོ་སོར་འབྲི་ཏ་ས་འཛིན་དང་། སུར་པན། ཀྲོ་མ་ཀྲུ་ཆུང་ཆུང་། མེ་ཏོག་མེད་པའི་ཤིང་འབྲས། སེའུ་དམར། ཞི་ཧུའུ་ལུའུ། རྒུན་འབྲུམ་སོགས་ཤིང་འབྲས་དང་སྔོ་ཚལ་སྐྱེས་པའམ་ཡང་ན་རྩ་བ་ཚུགས་པ་དང་། སྙེ་མ་བཏང་བ། མེ་ཏོག་བཞད་པ། འབྲས་བུ་སྨིན་པ་སོགས་བྱས་ཡོད་པས་ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཡོད་པའི་ས་མཐོར་ཤིང་འབྲས་དང་སྔོ་ཚལ་འདི་ལྟ་བུ་སྐྱེས་པར་ཡུལ་སྐོར་བ་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། “ས་བབ་མཐོ་པོ་འདི་འདྲ་དང་གནམ་གཤིས་གྲང་མོ་འདི་འདྲར་ཤིང་འབྲས་དང་སྔོ་ཚལ་མང་པོ་འདི་ལྟ་བུ་སྐྱེས་པ་ནི་དངོས་གནས་ཡིད་ཆེས་དཀའ་བ་ཞིག་རེད” དེ་གར་ཡོང་ཐེངས་དང་པོ་ཡིན་པའི་བདེ་ཆེན་མཚོ་མོས་ཧང་སངས་བཞིན་དུ་བཤད།
རྟེན་གཞིའི་ནང་གི་ཕྱོགས་གཅིག་ལ་དྲི་ཞིམ་གང་སར་འཐུལ་བའི་ཤིང་འབྲས་དང་སྔོ་ཚལ་གྱི་སྟོན་མོ་བཤམས་ཡོད་པ་དང་ཕྱོགས་གཞན་ཞིག་ལ་རྣམ་པ་གསར་རྐྱང་གི་རིག་གནས་ཀྱི་སྟོན་མོ་བཤམས་ཡོད། “ཞིང་ལས་དང་རིག་གནས་ཡུལ་སྐོར”བཅས་ཕན་ཚུན་མཉམ་འདྲེས་སྐུལ་འདེད་དང་གཅིག་ལ་གཅིག་རྒྱན་དུ་གནས་ཡོད།
གངས་རི་རྒྱབ་ལྗོངས་སུ་བྱས་པའི་གར་སྟེགས་ཐོག་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་ཡོད་ཅིང་། ཁང་དམར་རྫོང་གི་སྒྱུ་རྩལ་ཚོགས་པ་དང་ས་དམར་མདའ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས《དུས་རབས་གསར་པའི་རྒྱང་ལམ་གསར་པ》དང《ཏང་གི་འོད་ཟེར་མཐའ་མཚམས་ལ་འཕྲོས》 《ལོ་ལེགས་ཀྱི་གཞས་ཆེན》 《ཇོ་མོ་གླང་མའི་བརྩེ་སེམས》སོགས་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་དང་། ལོ་ལེགས་ཀྱི་སྤྲོ་སྣང་མཚོན་པ། སྐུ་མགྲོན་ཚོར་དགའ་བསུ་དང་སྨོན་འདུན་ཞུ་བ་བཅས་བྱས་ཡོད།
བྱེད་སྒོ་སྤེལ་རིང་རྟེན་གཞི་གཉེར་སྐྱོང་དོ་དམ་ཕྱོགས་ཀྱི་འགན་འཁུར་བ་མོང་ཏེ་ལི་ཡིས་ས་དམར་མདའ་གྲོང་ཚོ་ཨུ་ལྷན་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ལ་ས་ཞིང་བརྒྱུད་བཤུག་གི་དངུལ་སྒོར་ཁྲི་42ལྷག་ཙམ་སྤྲད་པ་རེད།
“ང་ཚོ་མི་རབས་ནས་མི་རབས་བར་ཤིང་འབྲས་དང་སྔོ་ཚལ་དེ་རིགས་འདེབས་མྱོང་མེད་ལ་སྔོན་ཆད་སྔོ་ཚལ་དང་ཤིང་འབྲས་མང་པོ་མཐོང་མྱོང་ཡང་མེད། དང་ཐོག་ང་ཚོ་ཚང་མས་འདེབས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་མེད། འོན་ཀྱང་ཚན་རྩལ་ལ་སྟོབས་ཤུགས་ཆེན་པོ་དེ་འདྲ་ཡོད་སྙམ་པ་བསམ་ཡུལ་ལས་འདས་སོང་། ད་ཆ་ང་ཚོའི་ཟས་རིགས་སྔོན་ཆད་ལས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཕྱུག་འགྱུར་ཐབས་ལམ་ཡང་སྔར་བས་ཡངས་སུ་ཕྱིན་ཡོད། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ང་ཚོར་ཡིད་ཆེས་ཆེན་པོ་ཡོད”ཅེས་ས་ཞིང་བརྒྱུད་བཤུག་གི་དངུལ་སྒོར་ཁྲི་6རག་པའི་ཡུལ་མི་ཉི་མ་མཚམས་གཅོད་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
རྟེན་གཞི་དེ་ནི་ལག་རྩལ་གསར་གཏོད་དང་། སོན་གསར་ཞིབ་འཇུག དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་ས་མཐོའི་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཞི་གཅིག་ཅན་གྱི་གླིང་ཁུལ་གསར་པ་ཞིག་རེད། རྟེན་གཞིས“གླིང་ཁུལ་དང་། སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་ཁྱབ་གདལ་བཏང་ནས་ས་ཞིང་བརྒྱུད་བཤུག་དང་། ལས་མི་བསྡུ་བ། ཐོན་འབབ་བགོ་འགྲེམས། ལག་རྩལ་མཛུབ་ཁྲིད་སོགས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།