དཔལ་འབྱོར་འཕེལ་རྒྱས་བཏང་ནས་དམངས་འཚོར་དྲོ་སྐྱིད་སྦྱིན་པ།
——རང་ལྗོངས་ཀྱི་ཚོང་དོན་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟབས་བརྟན་པོ་སྤོས་པའི་སྐོར་བཀོད་པ།
འདི་ནི་འཁྲུག་ཆ་དོད་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་བརྗོད་དོན་གཙོ་བོའི་མཚན་ཁྲོམ་ཡིན་པ།
2023ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྔོན་དཔག་ལེགས་སུ་གཏོང་བ་དང་གདེང་ཚོད་འཕེལ་བར་བྱེད་པ་ནས་འགོ་བཙུགས་ཏེ། ཁྲིད་སྟོན་ལ་ཤུགས་སྣོན་དང་། རྨང་གཞི་བརྟན་པོ། ཚད་བརྒལ་དོན་གཉེར་བཅས་བྱས་པས་ལས་དོན་ཁག་ལ་འཕེལ་རིམ་གསར་པ་དང་། ཚད་བརྒལ་གསར་པ། སྐས་རིམ་གསར་པར་སླེབས་ཐུབ་པ་བཅས་བྱུང་ནས་དམིགས་ཚད་མང་པོ་ཞིག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ་ཚོང་དོན་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟབས་བརྟན་པོ་སྤོསཡོད།
འཛད་སྤྱོད་བྱེད་སེམས་ཆེ་རུ་ཕྱིན་པ།
2023ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་མངོན་གསལ་དོད་པའི་གནས་བབ་ཏུ་མཐའ་འཁྱོངས་བཞག་ནས། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་ཀྱི་སྲིད་ཇུས་དང་བྱ་ཐབས་24འདོན་པར་སྐུལ་འདེད་བཏང་བ་དང་། འཛད་སྤྱོད་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་བྱ་ཐབས་26ལ་སྐུལ་འདེད་མྱུར་པོ་བཏང་བ། འཛད་སྤྱོད་ཀྱི་ཆེད་དངུལ་སྒོར་དུང་ཕྱུར་2.79དོན་འཁྱོལ་བྱས་པ། “བདེ་སྐྱིད་ལྡན་པའི་བོད་ལྗོངས། འཛད་སྤྱོད་ལ་ཅི་དགར་རོལ”བའི་ཆེད་དོན་བྱ་སྤྱོད་སྤེལ་བ་མ་ཟད། དམངས་ཕན་གྱི་ཚོང་ལས་འཁོར་རྒྱ་དང་མཚན་མོའི་འཛད་སྤྱོད་ཁྲོམ་གཞུང་སྐྲུན་ཤུགས་ཆེ་རུ་བཏང་བ་དང་། “ཀྲུང་ཧྭའི་ལྗགས་སྨིན། བོད་ཀྱི་བྲོ་བ”ཡི་ཞིམ་ཟས་འགྲན་བསྡུར་བདེ་བླག་གཉེར་བས“ཀྲུང་ཧྭའི་གྲགས་ཅན་ཚོང་རྟགས”དང “བོད་ཀྱི་གྲགས་ཅན་ཚོང་རྟགས”ལ་ཚད་བརྒལ་བྱུང་ནས་འཛད་སྤྱོད་ཀྱི་རྣམ་པ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། ཟླ་དང་པོ་ནས་བཅུ་གཅིག་བར། ལྗོངས་ཡོངས་ལ་སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་804.96བྱུང་བ་དེ་དུས་མཚུངས་ལས་23.2%འཕར་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་16གིས་མཐོ་བ་བྱུང་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་ཁྲེང་ཅུན་གྱིས། 2024ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་མུ་མཐུད་འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། འཛད་སྤྱོད་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་རྣམ་པ་ཅན་དང་ཁྱད་ཆོས་ཅན་གྱི་སྤུས་ཀ་དག་པའི་གྲོང་ཁྱེར་གྱི་ལྟེ་བའི་ཚོང་ལས་འཁོར་རྒྱ་དང་མཚན་མོའི་དཔལ་འབྱོར་གྱི་ས་གཤིས་མཚོན་རྟགས་དང་མཚན་མོའི་འཛད་སྤྱོད་དཔེ་སྟོན་ཁྲོམ་གཞུང་ཁག་གཅིག་བསྐྲུན་ནས་ཚོང་ཁང་ཨང་དང་པོའི་དཔལ་འབྱོར་བཏོད་དེ་ཚོང་ལས་ཀྱི་རྣམ་པ་དང་ལས་རྣམ་གསར་པ་མགྱོགས་མྱུར་སྐྱེད་སྲིང་དང་གཏོད་རྒྱུ་ཡིན་ལུགས་བརྗོད་ཡོད།
ཕྱོགས་གཉིས་ཀ་འཁོར་རྒྱུག་ཐུབ་པར་བྱས་པ།
འདི་ལོ་ནས་བཟུང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བོད་ཀྱི་སྤུས་རྟགས་སྐྱེད་སྲིང་དང་། ཞིང་འབྲོག་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་སྐྱེད། ཁེ་ལས་ཀྱིས་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རོགས་རམ། འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བཅས་ལ་དམིགས་ཏེ། འགྲེམ་ཚོགས་ལ་བརྟེན་ནས་སྤུས་རྟགས་སྐྱེད་སྲིང་དང་། བྲིན་ཚོང་དང་ཚོང་དོན་དང་སྤེལ་རེས་དང་མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བའི་ཚོང་འགྲེམས་སྤེལ་རེས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། ཁྱད་ལྡན་ཐོན་རྫས་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་365སྒྲིག་འཛུགས་བྱས་ཏེ“ཀོང་ཀྲོའུ་ཚོང་འདུས”“ནང་འདྲེན་དངོས་མང་སྟོན་ཚོགས”“འཛད་སྤྱོད་དངོས་མང་སྟོན་ཚོགས”སོགས་རིགས་ཁག་གི་འགྲེམས་ཚོགས་ལ་ཐེངས་17ཙམ་ཞུགས་ཏེ། བོད་སྨན་དང་རང་བྱུང་འཐུང་ཆུ་སོགས་ཐོན་རྫས་གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན། གསར་པ་བཅས་སྣ་ཁ་300ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་པས་ས་གནས་ས་ཐོག་ཏུ་བྲིན་ཚོང་དང་གན་རྒྱ་འཇོག་པའི་མངགས་ཐོའི་མ་དངུལ་སྒོར་དུང་ཕྱུར་1.9ཟིན་པ་དང་། ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཐེངས་5གཉེར་ནས་རྣམ་གྲངས་15ལ་གན་རྒྱ་བཞག་པར་སྒོར་དུང་ཕྱུར་29.15ཟིན་གྱི་ཡོད།
2023ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་དང་གྲུབ་ཆ་ལེགས་སུ་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཞབས་འདེགས་འགན་ལེན་བྱེད་པའི་བྱ་ཐབས་དང་ཐབས་ཇུས་འགའ་ཞིག་བཏོན་ནས་ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ཀྱི་མ་དངུལ་ལ་རྒྱབ་སྐྱོར་བྱེད་ཕྱོགས་མུ་མཐུད་ལེགས་སུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་དང་། ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོ་སྐྱེད་སྲིང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་ཕྱི་ཕྱོགས་ཚོང་དོན་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
སྤྱི་ཚོགས་དང་དམངས་འཚོར་ཞབས་འདེགས་ཞུས་པ།
སྔར་ནས་ད་བར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”ཚོང་དོན་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་མཐའ་འཁྱོངས་ཀྱིས་ཚོང་དོན་གྱི་འཁོར་རྒྱུག་མ་ལག་དང་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་གྱི་སྒྱུར་བཅོས་ཇུས་གཞི་བཟོས་ནས་ལག་ལེན་ཤུགས་ཆེན་བསྟར་ཏེ་གྲང་ཕྲེང་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས་4དང་རྫོང་ཁོངས་ཚོང་ལས་མ་ལག་རྣམ་གྲངས་25བསྐྲུན་པར་རྒྱབ་སྐྱོར་བྱས་པ་དང་། མཐའ་མཚམས་རྫོང་གི་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་པར་སྐུལ་འདེད་གཏོང་བའི་དུས་ཐེངས་དང་པོ་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པས་རྫོང་དང་ཤང་ཚང་མར་དྲ་ཐོག་ཚོང་དོན་གྱི་ཞབས་འདེགས་ཁྱབ་ཡོད་ལ། ཐག་རིང་ལུང་ཁུག་གི་གྲོང་གསེབ་ལ་སྣུམ་སྣོན་ས་ཚིགས་30བཙུགས་ཡོད། འཚོ་བའི་མཁོ་ཆས་ཀྱི་མ་དཔེར་ལྟ་བཤེར་བྱེད་མཁན་ཁེ་ལས་89གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་བ་དང་། རིམ་རྩིས་བྱས་ན་འཁྱགས་གཏོང་ཕག་ཤ་ཏུན་350ཁྲོམ་རར་བཏོན་པས། ཁྲོམ་རའི་དགོས་མཁོ་འགན་ལེན་ནུས་ལྡན་བྱུང་བ་མ་ཟད་རིན་གོང་འཕར་ཆག་ཚོད་འཛིན་ཐུབ་ཡོད། གཞན་ཡང་རང་སྐྱོང་ལྗོངས་ཀྱི་མཁོ་སྤྲོད་བྲིན་ཚོང་ཚོགས་པ་སྒོ་བྱང་བཀལ་ནས་བཙུགས་པ་དང་། རིམ་རྩིས་བྱས་ན་མཁོ་འཚོང་མཉམ་ལས་ཁང་གི་ཁེ་ལས་8དང་གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང་46བཙུགས་པས་མཁོ་འཚོང་མཉམ་ལས་ཁང་མཐའ་མཚམས་རྫོང་གི་གཞི་རིམ་གང་སར་ཁྱབ་ཡོད། མཁོ་སྤྲོད་ཚོང་པ་293“832ལས་སྟེགས”ལ་བཅའ་སྡོད་བྱས་ནས་ཟླ་དང་པོ་ནས་བཅུ་གཅིག་བར་ལ་བྲིན་ཚོང་དངུལ་སྒོར་ཁྲི་2587.96ཟིན་པ་དེ་དུས་མཚུངས་ལས་58.46%འཕར་ནས་ཚོང་དོན་གྱིས་དམངས་ལ་འགན་འཁྲི་འཁུར་ལུགས་མངོན་ཡོད།