དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-25

    ཟླ་12ཚེས་22ཉིན་དང་ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་འདུར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གྲུབ་འབྲས་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། “དོན་ཆེན་བཞིར”སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། 2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་བཀོད་སྒྲིག་བཅས་བྱས་པ་དེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་སྐུལ་སློང་གིས་དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

    འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་རེད། རིམ་ཁག་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བ་དང་། འཕེལ་རྒྱས་ཡོང་རེ་དང་། འཕེལ་རྒྱས་དོན་གཉེར། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འདུན་པ་དེ་བས་ཆེན་པོ་ཡོད་པ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ཤེས་པ། བྱས་བ་སྒྲུབ་ཐུབ་པ་བཅས་ཀྱི་རྣམ་པ་དེ་བས་ཟབ་མོ་ཡོད། ལྗོངས་ཡོངས་སུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོཌ་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་སྒྱུར་ཕྱོགས་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོར་ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོ་བ་གཏིང་ཟབ་ལེན་པ། ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་བརྡར་ཤ་གལ་ཆེན་བཅད་པར་གོ་བ་གཏིང་ཟབ་ལེན་པ། ཕྱི་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་བླང་ཕྱོགས། དམིགས་ཚད་ལས་འགན་བཅས་ལ་གོ་བ་གཏིང་ཟབ་ལེན་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་རྩ་བའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དུ་ཧུར་ཐག་གཏོང་དགོས།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རིམ་ཁག་ཏང་ཨུད་ཀྱིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་དང་འཛུགས་པ་བཅས་བྱས་ནས་ལག་ལེན་ཁྲོད་དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་ཡོད་ཅིང་། ངེས་པར་དུ“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”སྤྱི་འདོམས་སྐུལ་འདེད་མཐའ་འཁྱོངས་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་དགེ་མཚན་ལྡན་པའི་མཉམ་འགུལ་ཡོང་བ་མཐའ་འཁྱོངས། ངེས་པར་དུ་འདུ་ཤེས་བསྒྱུར་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་མཐའ་འཁྱོངས། ངེས་པར་དུ་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་མཐའ་འཁྱོངས། ངེས་པར་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བཅས་བྱས་ཡོད། “ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ”ལྔ་གྲུབ་པ་དང་གཏིང་ཟབ་ཏུ་ཕྱིན་པ་ལས་ང་ཚོས་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

    2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་རེད། ད་ཐེངས་ཀྱི་ཚོགས་འདུར་རང་ལྗོངས་ཀྱིས་ཕྱི་ལོའི་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་དང་། སྔོན་དཔག་གི་དམིགས་ཚད་གཙོ་བོ། གཙོ་གནད་ལས་དོན་གྱི་ལས་འགན་བཅས་ཁ་གསལ་བཏོན་ཡོད། ལས་ཀའི་བླང་བྱ་དོན་འཁྱོལ་དང་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་ནི་བསྙོན་མེད་དོན་དམ་ཞིག་ཡིན་པ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་བརྟག་ཐབས་སྨྲ་བ་གལ་ཆེན་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་མི་སྣ་བཅས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་ཧུར་ཐག་བྱེད་དགོས། གཙོ་གནད་མངོན་གསལ་དོད་པ་དང་སྤྱི་འདོམས་འཆར་འགོད་བྱས་ཏེ་མ་འཇོག་ནུས་ལྡན་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ནས་དེང་རབས་ཀྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ། དངུལ་རྩའི་ཞབས་ཞུ་མཁོ་སྤྲོད་ལེགས་སུ་ཧུར་ཐག་བཏང་ནས་དངུལ་རྩ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ནུས་ལྡན་བྱེད་པ། དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པར་ཤུགས་སྣོན་བརྒྱབ་ནས་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཧུར་ཐག་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་མྱུར་བཏང་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པ། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བཅས་བྱེད་དགོས།

    ཏང་གི་འགོ་ཁྲིད་ནི་ལས་དོན་ཁག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བསམ་གཞིག་བྱེད་པ་དང་སྐུལ་འདེད་བཏང་སྟེ་ཏང་གི་འགོ་ཁྲིད་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པ་དང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གིས་འབོད་སྐུལ་བྱས་མ་ཐག་བོད་དུ་བྱ་སྤྱོད་སྤེལ་ཐུབ་པར་བྱེད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་རིམ་པ་བཞིན་གནོན་ཤུགས་སྤྲད་ནས་ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་ཡར་སྐུལ་དང་གཅུན་འདོམས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་སྟོན་ཡང་དག་བཙུགས་ཏེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་མཐའ་འཁྱོངས་བྱེད་དགོས། ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་སྟེ་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པའི་འཇོན་ཐང་། སྤྱི་ཡོངས་ཁྲོད་བསམ་གཞིག་བྱེད་པའི་འཇོན་ཐང་བཅས་ཆེ་རུ་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། བྱ་བ་སྒྲུབ་པ་བཅས་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་དང་ཏང་ཀྲུང་དབྱང་གི་དགོངས་དོན་དང་རང་ངོས་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱེད་མཁས་པོ་བྱས་ཏེ་ལས་ཀའི་མཐའ་མའི་གྲུབ་འབྲས་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པ་དང་དེ་བས་མཐུན་པར་བྱེད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་ཇི་མ་ཇི་བཞིན་དོན་འཁྱོལ་ལ་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན། དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་དམ་འཛིན། སྒྲུབ་ཕོད་པ་དང་སྒྲུབ་མཁས་པོས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་ཁ་ཕྱོགས་མི་འཛོལ་བ་དང་། འགྱུར་བ་མི་འགྲོ་བ། ཇི་མ་ཇི་བཞིན་ཡོང་བ་བཅས་ཀྱི་འགན་ལེན་བྱེད་དགོས། “གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག་དར་སྤེལ་ཤུགས་ཆེན་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཧ་ཅང་ཆེན་པོར་འགྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།