དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་གྱི་ཁྱིམ་ཚང་ཚང་མར་ནུས་རྒྱུ་གཙང་མའི་གློག་འོད་འཕྲོ་བ།

    གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཆན་ཝ་ཁྲི་37.68ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-24

    ད་ཕན་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མ་འཛུགས་སྐྲུན་དེ་དམངས་འཚོའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། འོད་གློག་དང་རླུང་གློག་སོགས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ནུས་རྒྱུ་གཙང་མ་དེ“འབོར་ཚད”ནས“སྤུས་ཚད”ལ་མངོན་འགྱུར་བྱུང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཆན་ཝ་ཁྲི་37.68ཟིན་པ་དང་གློག་དྲ་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4.79ཟིན་ཡོད་པ་རེད།

    “གནས”མང་པོའི་སྤྱི་འབོར་ལ་བརྟེན་ནས་ལྗང་མདོག་ཐཱན་ཉུང་དཔལ་འབྱོར་དེ“འཕེལ་ཕྱོགས་གཙོ་བོའི”ནང་མཉམ་འདྲེས་བྱས་ཤིང་། ཉི་འོད་འཕྲོ་ཤུགས་ཆེ་བ་དང་རླུང་གི་མྱུར་ཚད་འཚམ་པ་སོགས་ས་ཁམས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་ཏེ། ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱས་ནས་ནུས་རྒྱུའི་ནུས་ཁུངས་གསར་པ་དང་། མ་ལག་གསར་པ། གཞི་རྟེན་གསར་པ་བཅས་ཀྱི་འཛུགས་སྐྲུན་འཆར་འགོད་ཟམ་མི་ཆད་པར་བཏོད་དེ། སྔོན་ཆད་སྐྱེ་དངོས་ནུས་རྒྱུར་བརྟེན་དགོས་པའི་རྣམ་པ་ལས་བསྒྲལ་ནས་གློག་སྤྱོད་མ་གནས་དམའ་རུ་བཏང་ཡོད།

    “ཁྱོན”ཡོངས་ནས་ཤུགས་བརྒྱབ་སྟེ་འཕར་ཚད་མཐོ་རུ་བཏང་ནས་ནུས་རྒྱུ་གཙང་མ་གསར་སྤེལ“མྱུར་བགྲོད་ལམ་བུར”བསྐྱོད་ཅིང་། སྐྲུན་བཞིན་པའི་རྣམ་གྲངས་དང་། སྤྱི་ཡོངས་ཀྱི་འཆར་འགོད་དུས་གཅིག་ཏུ་དོན་འཁྱོལ། དུས་གཅིག་ཏུ་སྤེལ་བ་བཅས་ལ་སྐུལ་འདེད་བཏང་ནས། ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་དང་ཐོན་ལས་ཀྱི་གཞི་གྲངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་ནུས་རྒྱུ་གསར་པའི་རྣམ་གྲངས་འགན་གཙང་ལེན་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་། ལས་དོན་ཆེད་དོན་ཞབས་འདེགས་ཚོགས་ཆུང་འཛུགས་པ། རང་འགུལ་ངང་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་ནུས་རྒྱུ་གཙང་མའི་གསར་སྤེལ་འཛུགས་སྐྲུན་རྣམ་གྲངས་5དང་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་30ཟིན་པའི་ནང་ལྗོངས་ཡོངས་ཀྱི་ཉིང་རྡུལ་ཐོ་འགོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་ས་བབ་ཧ་ཅང་མཐོ་བའི་འཕྲུལ་འཁོར་རྐྱང་པའི་ཤོང་ཚད་ཆེ་ཤོས་ཡིན་པའི་འོ་མ་དེང་དགེ་གྲོང་ཚོའི་ཀྲའོ་ཝ་100ཡི་རླུང་གློག་རྣམ་གྲངས་ནག་ཆུ་གྲོང་ཁྱེར་དུ་ལག་བསྟར་བྱས་པ་རེད། ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ་རྫོང(ཆུས)9ཡི་ས་ཁྱོན་མུའུ་ཁྲི་60.44ཟིན་པའི་འོད་ཤུགས་ཐོན་ལས་གླིང་དང་ཆུ་འཐེན་ནུས་གསོག་ས་ཚིགས་7གཙོ་གནད་ཐོག་འཆར་འགོད་བྱས་ནས་གསོ་རླུང་དང་ཆིང་རླུང་བཟོ་བ་དང་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་སྤྲོད་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་མུ་མཐུད་དོན་འཁྱོལ་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།

    “རྒྱུད”ཀྱིས་ཚ་དྲོད་ཆེ་རུ་བཏང་ནས་མཁའ་དབྱིངས་ཀྱི་སྐྱེ་ཁམས་དཔལ་འབྱོར“འཁོར་ལམ”དང་མཉམ་འདྲེས་བྱས་ཤིང་། གློག་ཤུགས་མཁོ་སྤྲོད་འགན་ལེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ནུས་རྒྱུ་གཙང་མའི་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཏན་ཏིག་ཐོན་ཡོད། མིག་སྔར་གློག་ཕྱིར་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་8777.36ཟིན་པ་མ་ཟད། བོད་དབུས་ནས་ཆབ་མདོའི་ཆན་ཧྥུའུ་500ཡི་བགྲོད་ལམ་ལས་གྲྭ་ཨང་གཉིས་པ་དང་། གྲོང་ཡུས་ཆན་ཧྥུའུ་500ཡི་བསད་སྤོར་ས་ཚིགས། མཚོ་བོད་ལྕགས་ལམ་གློག་རླངས་ཅན་གྱི་ཕྱི་གློག་སྒྲིག་ཆས་ལས་གྲྭའི་ཕྱིར་གཏོང་ལམ་ཐིག་བཅས་བསྐྲུན་པར་སྐུལ་འདེད་བཏང་བ་དང་། ནག་ཆུ་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་ཕྱིར་གཏོང་བགྲོད་ལམ་གྱི་གློག་ཤུགས་ཕྱིར་གཏོང་ལམ་ཐིག་གི་ཞིབ་འཇུག་འཆར་འགོད་རྒྱུན་མཐུད་མགྱོགས་སུ་བཏང་ནས་མཁའ་དབྱིངས་ཀྱི་སྐྱེ་ཁམས་དཔལ་འབྱོར་གྱི་མ་ལམ་ཕྱོགས་ཡོངས་ནས་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།