སྒོ་འགྲམ་གྱི་བདེ་སྐྱིད་ལྡན་པའི“ས་ཚིགས”
—— ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཁྲང་དཀར་གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་མཐོང་ཐོས་སྐོར་བཀོད་པ།
འདི་ནི་ཁྲང་དཀར་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པས་གྲོང་ཚོའི་ནང་གི་རྒན་རྒོན་ལ་ཏང་གི་དམངས་ཕྱུག་སྲིད་ཇུས་དྲིལ་བསྒྲགས་བྱེད་བཞིན་པ།
ཉེ་ཆར། གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་སྤུས་འབྲས་ལེགས་གཉེར་གྱི་ལས་དོན་ཚོགས་འདུའི་སློབ་མ་དང་མཉམ་དུ་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་སྐྱོད་རིང་། གསར་བརྗེའི་ས་ཚིགས་ཏེ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ལས་ཀའི་བརྒྱུད་རིམ་ལྟ་སྦྱོང་བྱས་ནས་དེ་གའི་དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བར་རམ་འདེགས་ཐུབ་ཚུལ་ལ་རྒྱུས་མངའ་གཏིང་ཟབ་ལོན་པར་བྱས་ཡོད།
“ང་ཚོའི་ས་ཚིགས་འདི་ད་ལོའི་ཟླ་5ཚེས་1ཉིན་ལས་གཉེར་བྱེད་འགོ་བརྩམས་པ་དང་། ས་ཆ་བཟུང་ཚད་སྨི་ངོས་གྲུ་300ཙམ་ཟིན་གྱི་ཡོད”ཅེས་འགྲེལ་བཤད་པ་ཞིག་ཡིན་པའི་ཁྲང་དཀར་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཝང་ཧའེ་ཡུས་ཀྱིས་ཚང་མར་དེ་ལྟར་ངོ་སྤྲོད་བྱས་ཤིང་། ཁོང་གིས། 2022ལོར་འཕྱོངས་རྒྱས་རྫོང་ཨུད་རྩ་འཛུགས་པུའུ་དང་། དྲིལ་བསྒྲགས་པུའུ་ཡིས་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་ཁྲི་320རེ་ཞུ་བྱས་ནས་ཁྲང་དཀར་གྲོང་ཚོའི་ཚོད་ལྟ་ཁུལ་དུ་ས་ཚིགས་དེ་བཙུགས་པ་དང་། ས་ཚིགས་འཛུགས་སྐྱོང་བྱས་པ་དེས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་གྱི་ཞབས་འདེགས་ནུས་པ་སྔར་བས་ཆེ་རུ་དང་དང་བླངས་ཞབས་འདེགས་ཞུ་ཁྱོན་ཆེ་རུ་ཕྱིན་ནས་རྒན་རྒོན་གྱི་འཚོ་བར་སྟབས་བདེ་མེད་པ་དང་གཞིས་ལུས་བྱིས་པར་ལྟ་སྐྱོང་བྱེད་མཁན་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད་ཅེས་བཤད།
ཝང་ཧའེ་ཡུས་ཀྱིས་ས་ཚིགས་ནང་མང་ཚོགས་ཀྱིས“རིག་གནས་དངུལ་ཁང”ལ་བརྟེན་ནས་སྐར་མ་བསགས་ཏེ་ཟ་མ་དང་བརྗེས་ཆོག་ཅིང་། དེའི་ནང་ལོ་60ནས་ལོ་69བར་གྱི་རྒན་རྒོན་ལ་གཟིགས་སྐྱོང་བརྒྱ་ཆ་གཉིས་དང་། ལོ་70ཡན་གྱི་རྒན་རྒོན་ལ་གཟིགས་སྐྱོང་བརྒྱ་ཆ་གསུམ་ཡོད་པ་རེད། གཞན་ཡང་། འཕྱོངས་རྒྱས་རྫོང་སྡེ་ཚོགས་ཨུ་ལྷན་དང་། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱིས་འོས་འགན་སྨན་བཅོས་དང་རྒས་འཁོགས་ལ་འཚམས་འདྲི་བྱེད་པ་སོགས་དམངས་ཕན་ཞབས་ཞུའི་བྱེད་སྒོ་རྒྱུན་དུ་སྤེལ་གྱི་ཡོད་ཅེས་བཤད། “དེར་རྒན་རྒོན་ཚོའི་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་ཁྱིམ་མཚེས་དབར་གྱི་བརྩེ་བ་བརྗོད་སའི་སེམས་གཏམ་དྲོད་མོ་འཁྱིལ་ས་ཞིག་རེད”ཅེས་ཝང་ཧའེ་ཡུས་ཀྱིས་སྤོབས་པ་ཆེན་པོའི་ངང་བཤད།
“ས་ཚིགས་ཀྱིས་ཟླ་རེའི་ཚེས་5ཉིན་ཇ་མངར་མོ་རིན་མི་དགོས་པར་སྤྲོད་པའི་ཉིན་མོར་གཏན་འཁེལ་བྱས་ཡོད། དུས་རྒྱུན་ལས་ཀ་མེད་པའི་སྐབས་ཚང་མ་དེ་གར་ཇ་བཏུང་བར་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱི་ཡོད། གྲོང་ཚོའི་ཉིན་རེའི་རྒྱུན་གཏན་གྱི་བྱ་བ་ཆུང་ཙག་དག་དེ་གར་ཇ་བཏུངས་ཞོར་བག་ཕེབས་ངང་གྲོས་བསྡུར་བྱས་ཏེ་ཐག་གཅོད་ཐུབ་ཀྱི་ཡོད”ཅེས་ས་ཚིགས་ཀྱི་སོས་དལ་བག་ཕེབས་ཁང་དུ་ཇ་འཐུང་བཞིན་པའི་ཡུལ་མི་པད་མ་སྒྲོལ་དཀར་གྱིས་གསར་འགོད་པར་བཤད་བྱུང་།
བྱིས་པའི་ཁུལ་དུ་དང་ཐོག་འདྲེན་བྱེད་ཡུལ་དུ་སྣང་བ་ནི། “གསར་བརྗེའི་དེབ་ཁང”ཞེས་ཡིག་འབྲུ་ཆེན་པོ་བཞི་འཁོད་པའི་དཔེ་སྒྲོམ་ཙོག་བུ་དེ་ཡིན། དཔེ་ཁྲོམ་ཡོད་ས་དེ་དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུའི་ལས་སྟེགས་ལས་གཙོ་བོར་གྲུབ་པ་དང་། དྲ་ཐོག་ལས་སྟེགས་སུ་དྲ་རྒྱའི་དཔེ་ཀློག་ཡོ་ཆས་དང་བརྙན་མཐོང་ཡོ་ཆས་སོགས་ཀྱིས་གྲོང་ཚོའི་སློབ་མ་དང་མང་ཚོགས་ལ་དྲ་ཐོག་ནས་དཔེ་ཀློག་དང་སློབ་ཁྲིད་སོགས་ཀྱི་ཞབས་འདེགས་ཞུ་བ་དང་། དྲ་ཕྱིའི་ལས་སྟེགས་གཙོ་བོ་དཔེ་དེབ་ཁང་ལས་གྲུབ་ཅིང་དཔེ་སྒྲོམ་ཐོག་ཏང་འཛུགས་སྐྱོང་དང་། ཆབ་སྲིད། དཔལ་འབྱོར། ལོ་རྒྱུས། ཚན་རིག རྩོམ་རིག རི་མོའི་དེབ་སོགས་དཔེ་དེབ་སྣ་ཚོགས་བསྒྲིགས་ཡོད།
“ས་ཚིགས་ཀྱིས་དུས་རྒྱུན་དུ་ཡུལ་མིར‘དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ’གྱི་སློབ་སྦྱོང་ཕུད། ད་དུང་གཟའ་མཇུག་གི་སློབ་ཚན་བཀོད་སྒྲིག་བྱས་ནས་ཡུལ་མི་རྣམས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ས་ཚིགས་སུ་སློབ་སྦྱོང་ལ་སྐྱེལ་རྒྱུར་ལྕག་སྐུལ་གཏོང་གི་ཡོད”
“ཡུལ་མི་ཕྱི་རོལ་དུ་གླ་པ་རྒྱུག་པ་དང་སོ་ནམ་བྱེད་སྐབས་ཕྲུ་གུ་འདི་གར་སྐྱེལ་ཆོག ང་ཚོས་ཁོངས་གཏོགས་ཁུལ་གྱི་དང་བླངས་པ་མངགས་ནས་ཡུལ་མིའི་ཕྲུ་གུ་ཉར་རོགས་བྱེད་ཀྱི་ཡོད”ཅེས་དཔེ་སྒྲོམ་གྱི་འགྲམ་དུ་ཡོད་པའི་ཝང་ཧའེ་ཡུས་ཀྱིས་བཤད་ཅིང་། ཁོང་གིས“ས་ཚིགས་ཐོག་མར་གཉེར་དུས་བསམ་གྲུབ་ཀྱི་ཕ་མས་བུ་འདི་གར་སྐྱེལ་བྱུང་། བསམ་གྲུབ་ངོ་ཚ་སྨིན་པོ་ཡོད་པས་འདི་གའི་དང་བླངས་པས་ཉིན་ལྟར་བཞིན་རྩེད་མོ་རྩེ་རོགས་དང་སློབ་སྦྱོང་བྱེད་རོགས་བྱས་པས། ད་ཆ་བསམ་གྲུབ་ཀྱི་གཤིས་ཀ་ཡག་ཏུ་ཕྱིན་ཡོད”ཅེས་མུ་མཐུད་ངོ་སྤྲོད་བྱས།
“མིག་སྔའི་བར། ཁྲང་དཀར་གྲོང་ཚོའི་གསར་བརྗེའི་ས་ཚིགས་ཀྱིས་རྒྱལ་སྨན་ཤང་གི་གཞིས་ལུས་བྱིས་པ་88དང་རྒན་རྒོན་མི་ཧྲེང་23ལ་ངོ་ཐུག་གདོང་འཕྲད་ཀྱིས་ཞབས་འདེགས་ཞུས་ཤིང་། ཉིན་མོ་ལྟ་སྐྱོང་དང་དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་སྒོ་ཐེངས་8སྔ་རྗེས་སུ་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་གཞི་རིམ་དུ་སྤྱི་པའི་ཞབས་ཞུ་དངོས་འབྲེལ་ཁྱབ་པར་བྱས་ནས་གྲོང་གསེབ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད། གོམ་སྟབས་རྗེས་མར། ང་ཚོས་ས་ཚིགས་ཀྱི་བྱེད་ནུས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་རྒྱུན་རྣམ་ཅན་གྱི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བ་དང་ས་ཚིགས་དེ་ཉིད་མང་ཚོགས་ལ་ཞབས་འདེགས་ཞུ་ཡུལ་ཡག་པོ་ཞིག་ཏུ་བསྐྲུན་གྱི་ཡིན”ཞེས་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཅིང་གིས་བརྗོད།