“རྒྱུན་མཐུད” “བསྐྱར་འཕར” “ལེགས་འཕེལ”བཅས་ནི་2023ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་ཐ་སྙད་ལ་གྱུར་པ།
“གྲངས་གཞི”ཁག་ལས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་མངོན་པ།
འདི་ནི་བོད་ལྗོངས་ཉིང་སོན་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་འཕྲུལ་ཁང་ཡིན་པ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲངས་འཛིན་དཔལ་འབྱོར་གྱི་ལས་རྣམ་གསར་པ་དང་། བྱེད་ཐབས་གསར་པ། ཐོན་ལས་གསར་པ་བཅས་སྐྱེད་སྲིང་ཧུར་ཐག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདི་ལོའི་ལོ་སྟོད་དུ། རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་143.88ཟིན་ནས་དུས་མཚུངས་ལས་20.4%འཕར་ཏེ། གྲངས་འཛིན་དཔལ་འབྱོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
འདི་ལོའི་ཟླ་11ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་རེད། ཚོགས་འདུར་བཀྲག་མདངས་འཚེར་བའི་གྲངས་གཞི་ཁག་གཅིག་སྨྱན་སྦྱོར་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་འཕྲིན་སྤེལ་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་9.8%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
9.8འཕར་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་4.6གིས་མཐོ་བ་ཡོད། གྲུབ་འབྲས་དེ་ནི་སྤོབས་པ་སྐྱེ་འོས་པ་ཞིག་རེད། འདི་ལོའི་དཔལ་འབྱོར་ལས་དོན་ལ་ཕྱིར་མིག་བལྟ་སྐབས། དུས་ཚིགས་དང་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་8.2%དང་ལོ་སྟོད་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་8.4%འཕར་བ་མ་ཟད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1628.59མངོན་འགྱུར་བྱུང་ཡོད།
དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་རིམ་བཞིན་འཕར་བ་དེ་ལས། འདི་ལོ་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་དུས་ཚིགས་གཅིག་ལས་དུས་ཚིགས་གཅིག་ལེགས་པར་མངོན་པ་མ་ཟད། ད་དུང“རྒྱུན་མཐུད”ཀྱི་འགག་རྩའི་ཚིག་དེ་གང་ལེགས་མངོན་ཡོད། “དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་གནས་ཚུལ་ནས་བལྟས་ན། ལྗོངས་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་དུས་བབ་མངོན་གསལ་བྱུང་ནས་ལྡེམ་ཤུགས་དང་སླར་གསོའི་ནུས་པ་བཟང་པོ་མངོན་ཡོད”ཅེས་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཐེན་ཀོང་ཧྭ་ཡིས་ངོ་སྤྲོད་བྱས།
འདི་ལོ་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཏེ་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ཤུགས་ཕྱོགས་གཅིག་ཏུ་བརྒྱབ་ཡོད།
—— རྣམ་གྲངས་དམ་འཛིན་བྱས་པ། གཙོ་གནད་རྣམ་གྲངས་བསྐྲུན་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ནས་དང་འབྲི་གཡག་སོགས་ཚད་གཞི་མཐོ་བའི་ཞིང་འབྲོག་ཐོན་ཟོག་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་ཁུལ་བསྐྲུན་པར་གསར་དར་ཐོན་ལས་ཀྱི་འབྲེལ་ཐག་སྣུར་བསྲིང་དང་སྟོབས་ཆེར་གཏོང་བའི་རྣམ་གྲངས་ཡོད་པ་མ་ཟད། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་མ་གཏོང་བའི་རྣམ་གྲངས་ཀྱང་ཡོད།
—— འཛད་སྤྱོད་ལ་སྐུལ་མ་ཐེབས་པ། “2023ལོར་ལྷ་ས་གྲོང་ཁྱེར་གྱིས་དྲ་ཐོག་ནས་ལོ་གསར་མཁོ་ཆས་འཚོང་བའི”བྱེད་སྒོ་སྤེལ་བ་དང་། ལྷོ་ཁ་དང་། གཞིས་རྩེ། ནག་ཆུ་སོགས་གྲོང་ཁྱེར་གྱིས་ཀྱང་འཛད་སྤྱོད་ཀྱི་བྱེད་སྒོ་བསྟུད་མར་སྤེལ་ཡོད། གཟིགས་སྐྱོང་བྱེད་ཐབས་ཁག་ལས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྣང་ཆེ་རུ་ཕྱིན་པ་མ་ཟད། འཛད་སྤྱོད་དཔལ་འབྱོར་སྐུལ་འདེད་བརྟན་པོ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བར་རམས་འདེགས་བྱེད་པའི་འདེགས་སྐྱོར་གལ་ཆེན་ལ་གྱུར་ཡོད།
—— ཡུལ་སྐོར་བ་བཀུག་པ། བྱེད་ཐབས་སྣ་མང་སྤྱད་པར་བརྟེན་བོད་ཀྱི་ཡུལ་སྐོར་ལས་རིགས་རིམ་གྱིས་སླར་གསོ་བྱུང་བ་མ་ཟད། ཚོང་ལས་ཀྱི་གོ་སྐབས་གསར་པ་ཡང་བཏོད་ཡོད། “དགུན་དུས་བོད་དུ་ཡུལ་སྐོར”དང་དངོས་མང་སྟོན་ཚོགས་བརྒྱུད་འཛམ་གླིང་སྐྱེ་བོ་ཀུན་ལ་བོད་ཀྱི་ཉམས་འགྱུར་བཟང་པོ་ངེས་ཡོད།
“བསྐྱར་འཕར”ནི་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་གྱི་འགག་རྩའི་ཚིག་གལ་ཆེན་གཞན་ཞིག་རེད། དེ་ཉིད་གཙོ་བོ་གཞི་ཁྱོན་དང་འཕར་ཚད་དང་། དཔལ་འབྱོར་བསྡོམས་འབོར་མགྱོགས་མྱུར་འཕར་བ། ཁྲོམ་རའི་དགོས་མཁོ་རིམ་གྱིས་སླར་གསོ་བཅས་ལས་མངོན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་བ་ཕུད། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲས་སུ་ད་དུང་དུས་མཚུངས་ལས་18.8%འཕར་བའི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་དང་དུས་མཚུངས་ལས་57.5%འཕར་བའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་ཚུད་ཡོད། དེ་དང་ཆབས་ཅིག་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཚུངས་ལས་14.7%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་10.7གྱིས་མཐོ་བ་ཡོད་པ་དང་། ཟླ་དགུ་པར་དུས་མཚུངས་ལས་25.6%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ཐོན་སྐྱེད་དང་དགོས་མཁོ་ཚང་མ་སླར་གསོ་དང་ལེགས་ཕྱོགས་སུ་འཕེལ་བ་མ་ཟད། ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་བྱུང་སྟེ་འཕར་བའི་རྣམ་པ་མངོན་གསལ་དོད་དུ་ཕྱིན་ཡོད་ཅེས་ཐེན་ཀོང་ཧྭ་ཡིས་ངོ་སྤྲོད་བྱས།
“ལེགས་འཕེལ”ནི་འགག་རྩའི་ཚིག་གཞན་ཞིག་རེད། སྤུས་ཚད་དང་ཕན་འབྲས་ཐད་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཏེ། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་116.90དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་636.79 ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་874.90བཅས་ཟིན་ཡོད།
དེ་དང་ཆབས་ཅིག ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་སླར་གསོ་བྱུང་ནས་འཛད་རྫས་ཁྲོམ་ར་མགྱོགས་མྱུར་སླར་གསོར་སྣེ་ཁྲིད་ཐུབ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སོ་སོར་67.4%དང་46.2%འཕར་ཡོད། ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་ཆེས་ཆེར་འཕར་ནས་ལྗོངས་ནང་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་འཁྲུག་ཏུ་ཕྱིན་ཡོད།
གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ཞིང་། འབྱུང་འགྱུར་ལ་དེ་བས་རེ་བས་ཁེངས་ཡོད།
མིག་སྔར། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྔར་བཞིན་སླར་གསོའི་རང་བཞིན་གྱི་འཕར་བའི་དུས་མཚམས་སུ་སླེབས་པ་དང་། “རླབས་གཤགས་རྣམ་པའི་འཕེལ་རྒྱས་དང་ཀྱག་ཀྱོག་རྣམ་པའི་མདུན་སྐྱོད”ཀྱི་དུས་བབ་ལ་འགྱུར་ལྡོག་བྱུང་མེད་ལ། གྲངས་གཞིའི་རྒྱབ་ཀྱི་གདིང་རྩའི་གནད་དོན་དང་དཔལ་འབྱོར་འཁོར་སྐྱོད་བྱེད་རིང་གི་མངོན་གསལ་དོད་པའི་ཞན་ཆ་ཡང་སྔར་བཞིན་གནས་ཡོད། རང་ལྗོངས་ཀྱིས་མ་དངུལ་མུ་མཐུད་བརྟན་པོ་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་འདེད། ཐོན་ལས་དར་རྒྱས། ཁོར་ཡུག་ལེགས་སུ་གཏོང་བ། སྒྱུར་བཅོས་ལ་དམ་འཛིན། དམངས་འཚོར་ཕན་པ། སྐྱེ་ཁམས་འགན་ལེན། མཐའ་མཚམས་སྟོབས་ཆེན། བདེ་འཇགས་སྲུང་སྐྱོང་བཅས་བྱས་ནས་དུས་བཀག་ལྟར་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྒྲུབ་དགོས་ཀྱི་ཡོད།
གོམ་སྟབས་རྗེས་མར་དཔལ་འབྱོར་བརྟན་པོའི་སྲིད་ཇུས་དང་བྱ་ཐབས་ཁག་མུ་མཐུད་དོན་འཁྱོལ་བྱེད་པ་དང་ཆབས་ཅིག དགེ་མཚན་ལྡན་པའི་ཕན་འབྲས་སྔར་བས་ཐོན་པར་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་ཐུབ་པར་བྱེད་ཀྱི་ཡིན། གཞན་ཡང་ནང་མཁོའི་གཏིང་ཤུགས་རིམ་བཞིན་མངོན་པ་དང་། གྲོང་མིའི་ཡོང་འབབ་མུ་མཐུད་མཐོ་རུ་ཕྱིན་པ། འཛད་སྤྱོད་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་པ་བཅས་ལས། ཁྲོམ་ར་དེ་བས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རེ་ཡོད་ཅེས་ཐེན་ཀོང་ཧྭ་ཡིས་བཤད།