དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རང་བྱུང་གནོད་འཚེར་ཡ་ང་སྙིང་རྗེ་མེད་ཀྱང་མི་ཡུལ་དུ་བརྩེ་བས་ཁེངས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-23

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཁའེ། དབང་ཝེ། ལི་ཉིང་། ཝང་པོ།

    ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་ནས་ཆུ་ཚོད་40ལྷག་ཙམ་སོང་ཡོད། ས་ཡོམ་བརྒྱབ་རྗེས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཚའོ་ཐང་གྲོང་ཚོ་དང་ཅིན་ཐན་གྲོང་ཚོར་འདམ་རུད་ཀྱི་གནོད་འཚེ་ཐོན་ཏེ་གྲོང་མི་མང་པོ་བྱེ་འདམ་འོག་ཚུད་ནས་ད་བར་རྙེད་མེད་སྟབས་ཚང་མས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། གསར་འགོད་པས་གྲོང་ཚོ་དེ་གཉིས་ལ་བཅར་འདྲི་བྱེད་སྐབས་རོགས་སྐྱོབ་ལས་དོན་སྤེལ་སྒང་རེད་འདུག བཀོད་སྒྲིག་སྒུར་ནང་ཚ་སོབ་སོབ་ཡོད་པས་མི་རྣམས་ཀྱི་སྐྲག་སྣང་རིམ་བཞིན་འཇགས།

    གནོད་འཚེ་ཐོན་ནས་ཆུ་ཚོད་40ལྷག་ཙམ་སོང་ཡོད། ཚེས་20ཉིན་གྱི་ཆུ་ཚོད་16བར་ད་དུང་མི་13རྙེད་མེད་པས། རོགས་སྐྱོབ་ལས་དོན་གཏན་ནས་མཚམས་བཞག་མེད།

    “ནང་མིས་ངང་སྒུག་བྱེད་བཞིན་ཡོད་པས་ང་ཚོས་མཚམས་ག་ལ་འཇོག་སྲིད” རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་མཚོ་སྔོན་འཕྲལ་སྒྲུབ་དཔུང་ཁག་གི་ཙུའུ་ཀྲང་གཞོན་པ་ཝང་ལུའེ་ཡིས། ང་ཚོ་རོགས་སྐྱོབ་པ་157ཚེས་19ཉིན་གྱི་ཐོ་རེངས་ཀྱི་ཆུ་ཚོད་གཉིས་པར་ཅིན་ཐན་གྲོང་ཚོར་འབྱོར་བྱུང་། སྦྱག་མ་སོགས་ཀྱི་ལག་ཆ་ཁྱེར་ནས་རེས་མོས་ཀྱིས་བར་མཚམས་མེད་པར་རྔོག་དགོས་པས་ཚང་མ་ངལ་བས་མནར་ཡོད་ཅེས་བརྗོད། “ནང་མི་བཀོད་སྒྲིག་ས་ཚིགས་སུ་གཏམ་བཟང་བསྒུགས་ནས་བསྡད་ཡོད་པས་རོགས་སྐྱོབ་ནི་ཁོ་ཚོའི་མཐའ་མའི་རེ་བ་རེད”

    ཚའོ་ཐང་གྲོང་ཚོར་མཚོ་ཤར་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཕྱོགས་བསྡུས་མཛུབ་ཁྲིད་ཁོའོ་ཡི་ཁོའོ་ཀྲང་ཧོང་ཧྲི་ཕུའུ་རྟབ་བེ་རྟབ་བེར་རོགས་སྐྱོབ་བྱེད་སར་བསྐྱོད། ཁོང་ཚོའི་ཉིང་ལག་རུ་ཁག་གི་རུ་མི་118ཀྱིས་འདི་གར་རོགས་སྐྱོབ་བྱས་ནས་ཆུ་ཚོད་40ཙམ་ཕྱིན་ཡོད། གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས“འདི་གའི་བྱེ་འདམ་འོག་ད་དུང་མི་ལུས་ཡོད་པས་དུས་ཚོད་དམ་འཛིན་གྱིས་འཚོལ་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་རེད”ཅེས་བཤད།

    ཚེ་སྲོག་སྐྱོབ་གང་ཐུབ་བྱེད་པ་ནི་གྲང་ངར་ཆེ་བའི་གེགས་ཁུལ་དུ་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྣང་ཚུལ་དུ་གྱུར་ཡོད།

    ཚེས་20ཉིན་གསར་འགོད་པ་ཀྲུང་ཁྲོན་ཤང་ཚའོ་ཐང་གྲོང་ཚོའི་མེ་དབྱི་སློབ་ཆུང་གི་གནས་སྐབས་བཀོད་སྒྲིག་ས་ཚིགས་སུ་བསྐྱོད་པ་ཡིན། སློབ་ཁང་ཞིག་གི་ནང་པང་སྟེང་དུ“ཚའོ་ཐང་གྲོང་ཚོ་ཤུགས་རྒྱོབ”“ཅིན་ཐན་གྲོང་ཚོ་ཤུགས་རྒྱོབ”ཅེས་བྲིས་འདུག ཡི་གེ་དེ་དག་མིག་ལམ་དུ་འཆར་སྐབས་མི་རྣམས་ལ་དྲོ་སྐྱིད་ཅིག་ངང་གིས་སྟེར་སྲིད།

    ཡི་གེ་འདི་ནི་ཚའོ་ཐང་གྲོང་ཚོའི་ལོ་13ལ་སླེབས་པའི་བུ་མོ་ཆུང་ཆུང་ཆི་ཡན་ཐིང་གིས་བྲིས་པ་ཞིག་རེད། གནོད་འཚེ་ཐོན་རྗེས་ཁོ་མོ་ནང་མི་སྤུན་མཆེད་དང་མཉམ་དུ་གནས་སྐབས་བཀོད་སྒྲིག་ས་ཚིགས་འདིར་སྡོད་ཀྱི་ཡོད། འཚོ་བར་བཀོད་སྒྲིག་འོས་འཚམ་བྱུང་རྗེས་བུ་མོ་ཆུང་ཆུང་གི་སྐྲག་སྣང་རིམ་བཞིན་འཇགས་ཡོད། གསར་འགོད་པ་སློབ་ཁང་དུ་འཛུལ་སྐབས་བུ་མོ་ཆུང་ཆུང་སློབ་གྲོགས་དང་མཉམ་དུ་རྩེད་མོ་རྩེ་བཞིན་འདུག

    ས་ཡོམ་རྒྱག་དུས་ཀྱི་རྣམ་པར་དྲན་གསོ་བྱེད་སྐབས་ལོ་54ལ་སླེབས་པའི་གྲོང་མི་ཆི་ཧྲེང་ཡུས་ཀྱིས་སྨིན་མ་བསྡུ་བཞིན་ས་ཡོམ་བརྒྱབ་རྗེས་ཁང་པའི་གང་སར་འཛེར་སྒྲ་ཆེན་པོ་གྲགས་ཀྱི་འདུག་པས། ཁང་པའི་ཕྱི་རོལ་དུ་གྲང་མོ་ག་ཚོད་ཡོད་ཀྱང་ང་ཚོ་ནང་དུ་གཏན་ནས་འཛུལ་ནུས་མ་བྱུང་ཞེས་བཤད་པ་དང་། ཁོང་གིས་ལག་པ་འཕུར་བཞིན་སྟབས་ལེགས་པ་ཞིག་ལ་སྲིད་གཞུང་གིས་བཀོད་སྒྲིག་ས་ཚིགས་བསྐྲུན་ནས་གུར་ཕུབ་པ་དང་ཐབ་བཙུགས་པས་གཞི་ནས་ང་ཚོ་གཉིད་སྐྱིད་པོ་ཁུག་རྒྱུ་རག་བྱུང་ཞེས་བཤད།

    གུར་གྱི་ཕྱི་རོལ་དུ་སྟོབས་བདེའི་ཐུག་པ་དང་། འོ་མ། གཏེར་ཆུ་སོགས་གེགས་སེལ་དངོས་ཟོག་མང་པོ་བྱུར་བུར་སྤུངས་ནས་འདུག གྲོང་མི་ཚོར་དགོས་པ་ཡོད་ཚེ་དེ་ནས་བླངས་ཆོག་པ་དང་། དེའི་འཁྲིས་སུ་ད་དུང་འཁྱེར་བདེའི་དྲོད་ལེན་སྒྲིག་ཆས་ཀྱང་བཞག་འདུག སྒོ་རའི་ཟུར་ཞིག་ཏུ་འཐེན་ཐུག་ཟ་ཁང་ཞིག་ཡོད་པ་དང་ཧ་ཡང་ཆེན་པོ་ནས་རླངས་པ་ཐུལ་ཐུལ་འཕྱུར་བཞིན་འདུག ད་དུང་དེའི་རྒྱབ་ཕྱོགས་སུ་རིན་སྤྲོད་མི་དགོས་པའི་འཐེན་ཐུག་ལེན་ས་ཞེས་བྲིས་འདུག

    འཐེན་ཐུག་ཟ་ཁང་གི་མེ་ཐབ་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་མ་ཟད། དེ་ནི་འཚོ་བ་གསར་པ་སྐྱེལ་བར་སྐུལ་མ་གཏོང་བའི་རེ་བའི་མེ་ལྕེ་ཞིག་དང་ཀུན་ནས་མཚུངས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།