བོད་ལྗོངས་ཉི་མ་རྫོང་གི“ལྷས་རའི་འགྱུར་ལྡོག”
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཝུན་པོ་དང་། ཅང་ཧྥན། ཀོན་མིང་ཧུའེ།
བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ནི་ས་བབ་མཐོ་བའི་བྱང་ཐང་དུ་གནས་ཤིང་། ཡུལ་དེར་གཙོ་བོར་ཞིང་འབྲོག་ལས་གཉེར་གྱི་ཡོད། དགུན་ཁ་ཤར་རྗེས་བྱང་ཐང་གི་ནམ་ཟླ་ཇེ་འཁྱག་ཏུ་སོང་བས་ལུག་ཚང་ནི་ཉི་མ་རྫོང་གི་ཞིང་འབྲོག་མང་ཚོཌ་ཀྱི་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད།
གསར་འགོད་པས་བཅར་འདྲི་བྱེད་སྐབས་ཉི་མ་རྫོང་ཉི་མ་གྲོང་རྡལ་གོང་མ་འབྲོག་རའི་འབྲོག་པས་མི་རིང་བའི་གོང་བསྐྲུན་པའི་ལུག་ཚང་གསར་པའི་ནང་གི་རིལ་མ་བསྒྲུགས་ནས་འབུད་རྫས་ལ་ཉར་བ་མཐོང་བྱུང་།
ལུག་ཚང་རྙིང་པ་དང་བསྡུར་ན། ལུག་ཚང་གསར་པ་ནི་ཨར་འདམ་སོ་ཕག་གིས་བརྒྱབ་པས་ཐོག་ཁེབས་བརྟན་པོ་དང་ཁོར་ཡུག་གཙང་མ་ཡོད་ཁར་འགྲམ་དུ་ཁྲོན་པ་དང་གཟན་ཆག་འཇོག་སའང་ཡོད་པས་ལུག་ཁྱུའི་དྲོ་སྐྱིད་ཀྱི་ཁྱིམ་གཞིས་ལྟ་བུ་རེད། འབྲོག་པ་རྣམས་ཀྱང་གུར་ནང་སྡོད་མི་དགོས་པར་ཨར་འདམ་གྱི་སོ་ཕག་ཁང་པའི་ནང་བསྡད་ཡོད། དེ་ཡང་སྡོད་ཁང་ནི་ལུག་ཚང་དང་ཐག་ཧ་ཅང་ཉེ་ཞིང་གློག་ཁྲིད་ཡོད་པས་དེ་གར་ལས་ཀའི་ལག་ཆ་དང་འཚོ་བའི་མཁོ་དངོས་ཁག་གཅིག་ཀྱང་འཇོག་ས་ཡོད།
ཉི་མ་རྫོང་སྔོན་ཆུ་ཤང་དམར་ཆེན་གྲོང་ཚོའི་བསྟན་འཛིན་གྱི་ཁྱིམ་ལ་ལུག་380ལྷག་ཙམ་ཡོད། ཁོང་གིས“སྔོན་ཆད་སྤོ་ཐོས་བརྩིགས་པའི་ལུག་ཚང་རྙིང་པར་དྲོད་སྲུང་ཡག་པོ་མེད་པས། དགུན་ཁ་ལུག་ཁྱུར་སེམས་ཁྲལ་ཆེན་པོ་འདུག ད་ཆ་ལུག་ཚང་གསར་པ་ཡོད་པས་གྲང་ངར་ཆེ་ཡང་སེམས་ཁྲལ་མེད། ལུག་ཁྱུ་ལུག་ཚང་གསར་པའི་ནང་བཅུག་ན་འགྲིག”ཅེས་བཤད།
འདི་ནི་ཉི་མ་ནུབ་རིར་བཞུད་སྐབས་བསྟན་འཛིན་ཁྱིམ་གྱི་ལུག་ཁྱུ་ལུག་ཚང་ལ་འཇུག་བཞིན་པ།
ཉི་མ་རྫོང་སྲིད་གཞུང་གི་ལས་དོན་པས་གསར་འགོད་པར“ལུག་ནི་འབྲོག་པའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཕྱུགས་རིགས་འཚོ་སྐྱོང་ལ་དཀའ་ཚེགས་ཧ་ཅང་ཆེ་ནའང་ཁོང་ཚོས་ལུག་ཁྱུ་འཚོས་ནས་ཡོང་འབབ་མང་དུ་འགྲོ་རེ་བྱེད་ཀྱི་ཡོད། གངས་སྐྱོན་ཚབས་ཆེན་ཐོན་སྐབས་ཁྱིམ་དུ་ལུག་འཁྱགས་ཤི་ཐེབས་པའི་གནས་ཚུལ་ཡང་སྐབས་རེར་ཐོན་གྱི་ཡོད། ད་ལྟ་ལུག་ཁྱུ་འཇུག་ས་ལེགས་སུ་ཕྱིན་པ་དང་འཚོ་སྐྱོང་བྱེད་ས་ཡང་ལེགས་སུ་སོང་བའི་ཁར་འབྲོག་པ་ཚོའི་གསོ་ཚགས་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། འཚོ་བའི་ཆུ་ཚད་ཀྱང་དེ་དང་བསྟུན་ནས་ཇེ་ལེགས་སུ་སོང་ཡོད”ཅེས་བཤད།
བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་གྲངས་གཞི་ལས་མངོན་པར། 2023ལོ་ཁོ་ནར་བོད་ཀྱི་རྫོང་17ལ་གཅིག་སྡུད་རྣམ་པའི་ལུག་ཚང་བསྐྲུན་པ་དང་ལོར་མ་དངུལ་སྒོར་དུང་ཕྱུར་1.5བཏང་ཡོད། ཉི་མ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་7ཙམ་གྱི་རིང་ཉི་མ་རྫོང་གིས་ཁྱོན་ལྷས་ར་1700ལྷག་ཙམ་བསྐྲུན་པས་ཕྱུགས་རིགས་ཤི་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད་ཅིང་། ཉི་མ་རྫོང་གི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་2015ལོའི་སྒོར་8450ནས་2022ལོའི་སྒོར་16950བར་འཕར་ཡོད་པ་རེད།
འདི་ནི་འབྲོག་མོ་བསྟན་འཛིན་གྱིས་ལུག་འཚོ་བཞིན་པ།
ལུག་ཚང་ཆུང་ཡང་འབྲོག་པ་མང་ཚོགས་དེ་དང་འབྲལ་ཐབས་མེད། “ལྷས་རའི་འགྱུར་ལྡོག”ལས་བྱང་ཐང་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འགྱུར་ལྡོག་མཚོན་གྱི་ཡོད།
“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་འབྲོག་ཁུལ་དུ་མ་དངུལ་རྒྱུན་མཐུད་བཏང་ནས་མཐོ་གྲང་ཁུལ་གྱི་ལུག་ཚང་བསྐྲུན་ཏེ་འབྲོག་ལས་ཀྱི་གནོད་འཚེ་སྔོན་འགོག་གི་ནུས་པ་ཆེ་རུ་བཏང་ཡོད། ལུག་ཚང་གསར་པ་དེ་དག་ཨར་འདམ་སོ་ཕག་གིས་བསྐྲུན་པ་དང་དྲོད་སྲུང་ཐོག་ཁེབས་བཟོས་ཁར་ཁག་གཅིག་ཏུ་ད་དུང་ལེ་ལག་ཚང་བའི་ཁྲོན་པ་དང་། གཟན་རྩྭ་འཇོག་ས། ཤིང་ཁང་སོགས་ཀྱང་བསྐྲུན་ཡོད། ཉི་མ་རྫོང་ཁོ་ནར“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་ལུག་ཚང་གསར་པ་1793བསྐྲུན་པས་རྫོང་ཡོངས་ཀྱི་ཕྱུགས་རིགས་ཤི་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།
ད་ལྟའི་བྱང་ཐང་དུ་གྲང་ངར་ཆེ་བ་ཕུད། གངས་ཆེན་བབས་ནས་ཕྱུགས་ཟོག་ལྟོགས་ཤི་ཐེབས་དོགས་ལ་སེམས་ཁྲལ་བྱེད་དགོས་མེད། གང་ཡིན་ཟེར་ན་ད་ལྟའི་འབྲོག་ཁུལ་དུ་ཁྱིམ་ཚང་ནས་ཤང་དང་གྲོང་རྡལ་བར་དང་དེ་ནས་རྫོང་དང་གྲོང་ཁྱེར་གྱི་རིམ་ཁག་ཚང་མར་མི་ཐབས་ལ་བརྟེན་པའི་གཟན་རྩྭ་འདང་ངེས་གྲབས་གསོག་བྱས་ཡོད་པས། ལུག་ཁྱུ་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་ཀྱི་ཡོད།