དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས།

    ས་ཡོམ་གྱི་གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སྔ་སྣུར་དུ་མ་མཐའི་འཚོ་བའི་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མ་དངུལ་ཆ་ཚང་བ་སྤྲད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-23

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་རྗེས་མཚོ་སྔོན་ཞིང་ཆེན་གྱིས《ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་འགན་ལེན་དང་དམངས་སྲིད་ཞབས་ཞུའི་ལས་ཁུངས་ཀྱི་བདེ་འཇགས་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》བཀྲམ་ནས་གེགས་བར་ལས་གཞི་རྩའི་འཚོ་བར་དཀའ་ངལ་འཕྲད་པའི་ཁྱིམ་ཚང་དུས་ཐོག་ཏུ་མ་མཐའི་འཚོ་བའི་འགན་ལེན་དང་གནས་སྐབས་རོགས་སྐྱོབ་ཁྱབ་ཁོངས་སུ་བཅུག་ཅིང་། གནས་སྐབས་རོགས་སྐྱོབ་ལམ་ལུགས་ཀྱི“མྱུར་སྐྱོབ་དཀའ་སེལ”གྱི་ནུས་པ་བཏོན་ནས་གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་2024ལོའི་དུས་ཚིགས་དང་པོའི་མ་མཐའི་འཚོ་བའི་འགན་ལེན་དང་དམིགས་བསལ་དཀའ་ངལ་གྱི་བསྙེན་བཀུར་མ་དངུལ་སྔ་སྣུར་དུ་ཆ་ཚང་བ་སྤྲད་པ་རེད།

    མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། དམངས་སྲིད་ཞབས་འདེགས་ཞུ་ཡུལ་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་། དམངས་སྲིད་འགན་ལེན་བྱ་ཡུལ་གྱི་འཚོ་བ། རིགས་ཁག་གི་དམངས་སྲིད་རྨང་གཞིའི་སྒྲིག་བཀོད་གཏོར་སྐྱོན་ཕོག་ཚུལ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁང་པར་གཏོར་སྐྱོན་ཕོག་ཚུལ་སོགས་ལ་གྲལ་བཤེར་བྱས་པ་བརྒྱུད་ས་ཡོམ་གྱི་གེགས་ཁུལ་དུ་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་ཚང་དང་གནོད་འཚེ་ཕོག་པའི་ཁྱིམ་ཚང་ལ་འབྲེལ་ཡོད་ཚད་གཞི་ལྟར་རོགས་སྐྱོབ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ས་ཡོམ་ལས་གཙོ་བོ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། དཔའ་ལུང་ཧུད་རིགས་རང་སྐྱོང་རྫོང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་བཅས་རྫོང་གསུམ་གྱི་ཤང་དང་གྲོང་རྡལ་46དང་སྲིད་འཛིན་གྲོང་ཚོ་419ལ་ཤུགས་རྐྱེན་ཐེབས་པ་རེད།

    མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་མཚོ་ཤར་གྲོང་ཁྱེར་དང་དེ་བཞིན་གེགས་ཁུལ་རྫོང་གསུམ་གྱི་དམངས་སྲིད་སྡེ་ཚན་གྱིས་དུས་ཐོག་ཏུ་སྤྱི་ཚོགས་ཕན་བདེ་ལྟེ་གནས་དང་། རྒན་གསོ་ཁང་། བྱིས་པའི་ཕན་བདེ་ཁང་སོགས་དམངས་སྲིད་ཞབས་ཞུའི་ལས་ཁུངས་སུ་སྡོད་མཁན་མི་སྣར་གྲལ་བཤེར་དང་ཛ་དྲག་ངང་ཁ་བཀྲམ་པ་དང་། མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་དང་དམངས་སྲིད་ཞབས་ཞུའི་ལས་ཁུངས་བཅའ་སྡོད་ཀྱི་ཉེན་ཁར་གསལ་འབྱེད་བྱས་ཏེ་བདེ་འཇགས་སྲུང་སྐྱོབ་དང་འགོག་ཟོན་ཡག་པོ་བྱས་པ་རེད། མིག་སྔར་མི་ཧྲེང་རྒན་རྒོན་720དང་གཞིས་ལུས་བྱིས་པ་724ལ་གྲལ་བཤེར་རགས་ཙམ་བྱས་པ་དང་འབྲེལ། འབྲེལ་ཡོད་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དགོས་ངེས་ཀྱི་འཚོ་བའི་དངོས་རྫས་དང་། གཞི་རྩའི་འཚོ་བའི་ལྟ་རྟོག སེམས་ཁམས་སེམས་གསོ་སོགས་ཀྱི་ཞབས་འདེགས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།