དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གེགས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་ཡུང་དང་། ཆའོ་ཏུང་། ཝང་མའེ། ཅཱ་ཧྥེང་ཧྥེང་།   |     སྤེལ་དུས།  2023-12-22

    ཟླ་12ཚེས་20ཉིན་གྱི་ཉིན་མོ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་གྲང་ངར་ཆེ་ཡང་རྒྱལ་ཡོངས་ས་ཕྱོགས་ཁག་གི་རོགས་སྐྱོར་བྱེད་མཁན་དང་དངོས་ཟོག་སྐྱེལ་མཁན་གྱི་རླངས་འཁོར་མཚམས་ཆད་རྒྱུ་མེད། རྫོང་གྲོང་ལྷོ་ངོས་ཀྱི་རྨ་ཆུའི་འགྲམ་ངོགས་སུ་ཡོད་པའི་ཅིན་ཐེན་གྲོང་ཚོའི་ཉེ་འགྲམ་ཐང་སྟོང་དུ་གུར་སྔོན་པོ་སྟར་པ་རེ་རེ་ལྷག་པར་མངོན་གསལ་དོད་ཅིང་། གྲོང་མི་ཚོ་རུབ་རུབ་ཀྱིས་བྱང་ངོས་སུ་མིག་ཟུང་ཅེར་བཞིན་སེམས་ཁྲལ་ཆེན་པོས་གཉེན་ཉེ་དུའི་གནས་ཚུལ་སྒུག་བཞིན་འདུག

    རྨ་ཆུའི་འགྲམ་ངོགས་ཀྱི་གྲོང་ཚོ་ཆུང་ངུ་ཅིན་ཐེན་གྲོང་ཚོར་ཉིན་འདི་དག་རིང་ཀུན་གྱིས་དོ་ཁུར་བྱེད་ལ། མེ་ཟོན་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་རེ་རེ་དང་དམག་ལྭ་གྱོན་པའི་ཡུལ་དམག་མང་པོས་འགྱོག་བྱམས་འགྱོགས་པ་དང་རོགས་སྐྱོབ་དངོས་ཟོག་སྐྱེལ་བ་ལ་སོགས་བྲེལ་བ་ཤིན་ཏུ་ཆེ། རྐོ་འདྲུའི་འཕྲུལ་འཁོར་འགྲམ་དུ་ཁང་པའི་ཐོག་མ་གཏོགས་ཆ་ཚང་ས་འོག་ཏུ་བརྡིབས་པའི་ས་ཆར་ད་དུང་རོགས་སྐྱོབ་ཛ་དྲག་ངང་བྱེད་བཞིན་པ་དང་། རོགས་སྐྱོབ་མི་སྣ་བདུན་བརྒྱད་ཙམ་གྱིས་དབུགས་ཀྱང་ཆེན་པོ་གཏོང་མ་ནུས་པར་ས་གཏོར་འཕྲུལ་ཆས་སྤྱད་དེ་སྔོག་བཞིན་འདུག ཁོང་ཚོ་ཡོད་སའི་ས་འོག་ན་འཆི་གསོན་ལ་ཐུག་པའི་ཚེ་སྲོག་ཡོད་སྲིད།

    2023ལོའི་ཟླ་12ཚེས་18ཉིན་གྱི་ཆུ་ཚོད་23དང་སྐར་མ་59ལ། ཀན་སུའུ་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་ནས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་མིན་ཧོ་དང་། དབའ་ལུང་། ཡ་རྫི་བཅས་རྫོང་གསུམ་གྱི་ཤང་གྲོང་46གི་སྲིད་འཛིན་གྲོང་ཚོ་419ལ་ཤུགས་རྐྱེན་ཐེབས་ཤིང་། དེའི་ནང་མིན་ཧོ་རྫོང་གི་བྱང་ཐང་གྲོང་རྡལ་དང་ཀྲུང་ཁྲོན་ཤང་སོགས་ལ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད། ཟླ་12ཚེས་20ཉིན་གྱི་ཆུ་ཚོད་5དང་སྐར་མ་30ལ། ས་ཡོམ་གྱིས་རྐྱེན་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་མི་18རྐྱེན་ལམ་དུ་ཤོར་བ་དང་། མི་198ལ་རྨས་སྐྱོན་ཕོག་པ། མི་16ལ་འབྲེལ་བ་ཆད་པ་རེད།

    ཅིན་ཐེན་གྲོང་ཚོ་ནས་ཡོམ་ལྟེའི་བར་དུ་སྤྱི་ལེ་30ཡང་མེད་པས་ཐེངས་འདིའི་གནོད་འཚེ་ཅུང་ཚབས་ཆེ་བའི་ས་ཁུལ་གྱི་གྲས་ཤིག་རེད། གྲོང་མི་དབྱང་ཅིན་པུའུ་ཡི་སྐྲག་སྣང་ད་དུང་ཡལ་མེད་ཅིང་། ཁོང་གིས“གློ་བུར་དུ་ས་གཞི་དྲག་ཏུ་གཡོས་བྱུང་། ཚང་མས་འཕྲལ་དུ་ཉལ་ཆས་འཁྱེར་ཏེ་ཐང་སྟོང་དུ་བྲོས། སྐར་མ་བཅུ་གྲངས་སོང་རྗེས་གནམ་ས་འགུལ་བ་ལྟ་བུའི་སྒྲ་ཆེན་པོ་ཞིག་གྲོང་ཚོའི་བྱང་ངོས་ནས་གྲགས་པ་དང་ཆབས་ཅིག འདམ་རྡོའི་ཆུ་རུད་ཐོན་ནས་གབ་ས་ཡིབ་ས་མེད་པར་ལུས་བྱུང” གནས་ཚུལ་དེ་འདྲའི་འོག་ཏུ་གྲོང་ཚོའི་ན་གཞོན་ཚོ་རང་འགུལ་ངང་འདུས་ཏེ་དུད་ཚང་རེ་རེ་བཞིན་འཚོལ་སྐྱོབ་བྱས་པ་དང་། “སྲིད་གཞུང་དང་མེ་ཟོན་རུ་མིའང་མྱུར་དུ་གྲོང་ཚོར་འབྱོར་ནས་ཚང་མས་རོགས་སྐྱོབ་ལས་དོན་སྤེལ་སོང”ཞེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་སྤྱི་བདེ་དང་། འཕྲལ་སྡོམ། མེ་ཟོན། ས་ཡོམ། འཕྲོད་བསྟེན། འགྲིམ་འགྲུལ་སོགས་སྡེ་ཚན་གྱིས་མི་གང་མགྱོགས་བསྡུ་རུབ་བྱས་ནས་གནོད་འཚེ་ཕོག་པའི་རྫོང་དང་ས་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བར་བསྐྱོད། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་དུས་ཐོག་ཏུ་གེགས་ཁུལ་ལ་གེགས་སེལ་དངོས་ཟོག་ཕོ་ཁེབས་ཆ་6200དང་། སོལ་རླངས་ཐབ་150 སྲིང་བལ་ལྭ་བ་7000 ལྟེབ་ཁྲི་5450 སྲིང་བལ་གུར་1800 གློག་གཏོང་འཕྲུལ་འཁོར་10 གློག་སྒྲོན་སྒྲིག་ཆས་20བཅས་བསྐྱལ་བ་དང་། རྫོང་གསུམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་6498གཅིག་སྡུད་ཐོག་བཀོད་སྒྲིག་བྱས་པ་དང་མི་15450ཁ་བཀྲམ་ནས་བཀོད་སྒྲིག་བྱས་པ་རེད།

    སྤྱི་ཚོགས་ལས་རིགས་ཁག་གི་རོགས་སྐྱོར་ད་ལྟ་གནས་དེར་ཡོང་དང་ཡོང་མུས་རེད། ཚེས་19ཉིན་གྱི་སྔ་དྲོར་ཐག་ཉེ་ཤོས་ཀྱི་ཟི་ལིང་གྲོང་ཁྱེར་གྱི་གེགས་སེལ་དངོས་ཟོག་ཁག་དང་པོ་ཆ་ཚང་1934དང་། གཏེར་ཆུ་དང་སྟབས་བདེའི་ཐུག་པ་སོགས་འཚོ་བའི་དངོས་ཟོག་3943གེགས་ཁུལ་དུ་འབྱོར་བ་རེད། ཉིན་དེའི་ཕྱི་དྲོར། མཚོ་ཤར་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་གྲོང་ཁྱེར་ཝུའུ་ཤིས་གྲོང་ཁྱེར་གྱི་གེགས་སེལ་དངོས་ཟོག་ཁག་དང་པོ་ཏུན་17འབྱོར་ཞིང་། ཀམ་པ་ལི་དང་། གུར། ལྟེབ་ཁྲི། མལ་ཆས། ཆར་ལྭ་སོགས་བསྡོམས་ཁྲི་1.43ཡོད་པ་རེད། ཚེས་20ཉིན་གྱི་སྔ་དྲོར། ཧྲན་ཤིས་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར་དང་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་གྱི་དགུན་སྔོན་རོགས་སྐྱོབ་རུ་ཁག་གིས་སྲིང་བལ་ལྭ་བ་དང་འབོལ་གདན་སོགས་གེགས་སེལ་དངོས་ཟོག་འཁྱེར་ནས་གེགས་ཁུལ་དུ་འབྱོར་བརེད།

    གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གང་སར་བརྩེ་བས་ཁེངས། ཅིན་ཐེན་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་ཉེ་འགྲམ་དུ། ཉེ་ཆར“ཅོག་རྒྱའུ”གཅེས་སེམས་འཐེན་ཐུག་འཐུང་ས་ཞིག་བཙུགས་ཤིང་། འཐེན་ཐུག་གི་བྲོ་ཞིམ་ལས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་ལ་དྲོད་འཁོལ་སྦྱིན་ཡོད། “ཅོག་རྒྱའུ”ཡིས་འཐེན་འཐུག་འཐེན་བཞིན་ཡོད་པ་དང་ཁོང་ལ་ད་དུང་ཏང་ཡོན་7ལས་གྲུབ་པའིརོགས་པ་བྱེད་མཁན་ཡོད་ལ། ཁོང་ཚོ་ནི་མིན་ཧོ་རྫོང་ནས་སྤྱི་ལེ་བརྒྱ་ལྷག་ཙམ་ཡོད་པའི་པ་ཙེ་ཀའུ་གྲོང་ཚོ་ནས་རེད། པ་ཚེ་ཀའུ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཧན་ཁྲེང་ལུའུ་ཡིས “ང་ཚོའི་གྲོང་མིས་རང་འགུལ་ངང་ཞལ་འདེགས་བརྒྱབ་པ་དང་། གེགས་བར་གྱི་གནོད་འཚེ་མ་སེལ་བར་དུ་ང་ཚོས་འཐེན་ཐུག་བཟོ་གི་ཡིན”ཞེས་བཤད།

    ཀྲུང་ཁྲོན་ཤང་སྲིད་གཞུང་དུ་གུར་50ལས་གྲུབ་པའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་དྲོད་རླངས་བཏང་ཟིན། གཞོགས་གཅིག་གི“ཐབ་ཚང”ནང་ཧ་ཡང་ཆེན་པོ་བཀབ་པའི་ཐབ་ནས་མེ་དམར་ལམ་ལམ་འབར་བཞིན་ཡོད་པ་དང་། ཚང་མས་གྲལ་སྐོར་བསྒྲིགས་ནས་རླངས་པ་འཚུབ་འཚུབ་ཀྱི་ཕིང་ཐང་བླངས། “དོ་དགོང་གནོད་འཚེ་ཕོག་པའི་མང་ཚོགས་ཁྲོད་གཉེན་གྲོགས་སར་འགྲོ་མཁན་ཕུད། ང་ཚོས་ཤང་སྲིད་གཞུང་དུ་བཀོད་སྒྲིག་བྱ་ཡུལ་གཅིག་གྱུར་བཟོས་ཡོད། གཞན་ཡང་ད་དུང་ཉེ་འཁོར་གྱི་མགྲོན་ཁང་དུ་ཉལ་ཁང་གྲ་སྒྲིག་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟོ་ཆས་ཚ་པོ་ཟ་རྒྱུ་ཡོད་པ་དང་ཁང་པ་དྲོ་པོར་སྡོད་རྒྱུ་ཡོང་བར་བྱས་ཡོད”ཅེས་མིན་ཧོ་རྫོང་ཀྲུང་ཁྲོན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཱ་ཡུས་མིང་གིས་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། མིན་ཧོ་རྫོང་གིས་ཁྱོན་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་129བཟོས་པ་དང་། དུད་ཚང་2477གྱི་མི་11054གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ལ། དུད་ཚང་462ཀྱི་མི་2027ཁ་བཀྲམ་ནས་བཀོད་སྒྲིག་བྱས་ཡོད་པ་རེད།

    ཚའོ་ཐང་གྲོང་ཚོའི་མའེ་དབྱི་སློབ་ཆུང་གི་ཐོག་སོ་དང་པོའི་སློབ་ཁང་ནང་དུ་གྲོང་མི་ཧོ་ཡུང་ཐུང་གི་ནང་མི་ཚང་མས་མཉམ་དུ་ཟ་མ་ཟ་བཞིན་ཡོད་པ་དང་། ལོ་83ལ་སླེབས་པའི་ཕ་དང་ལོ་73ལ་སླེབས་པའི་མ་གཉིས་བཀོད་སྒྲིག་ཡག་པོ་བྱུང་བས་སེམས་ལྷོད་ལ་བབས་པ་རེད། “འབྲས་དང་ཚལ་ཚ་པོ་ཟ་རྒྱུ་ཡོད་པ་དང་ཆུ་ཚ་པོ་འཐུང་རྒྱུ་ཡོད་པ་མ་ཟད། ད་དུང་ང་ཚོར་མལ་ཆས་དང་སྲིང་བལ་ལྭ་བ་སྤྲད་བྱུང་ལ། བཀོད་སྒྲིག་བྱ་ཡུལ་དུ་སྨན་པ་ཡོད་པ་དང་མགོ་སྨན་སོགས་ཀྱང་སྤྲད་བྱུང་བས་ཧ་ཅང་ཡག་པོ་འདུག ཟ་རྒྱུ་འཐུང་རྒྱུ་ཡོད་པ་མ་ཟད། སྡོད་སའང་ཡག་པོ་འདུག་པས་སེམས་པ་ལྷོད་ལ་བབས་སོང་། གནོད་འཚེ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཆེན་པོ་ཡོད”ཅེས་ཧོ་ཡུང་ཐུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།