དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བྱང་ཐང་དུ་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་རྒྱུ་བྱུང་བ།

    ནག་ཆུ་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་དོན་ཡག་པོ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-22

    འདི་ནི་སྙན་རོང་རྫོང་གི་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཕུགས་རེའི་སློབ་ཆུང་གི་ནུས་མང་སློབ་ཁང་གི་དྲོད་གཏོང་བར་ཁྱམས་ཡིན་པ།

    ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བས་གྲང་ངར་ཆེ་ཤོས་སུ་དྲོད་ཚད་ཀླད་ཀོར་འོག་གི་30℃ཟིན་གྱི་ཡོད། འདི་ལོ་ནག་ཆུར་ས་བབ་མཐོ་བའི་ས་ཁུལ་གྱི་གཞི་རིམ་གྱི་དྲོད་རླངས་མཁོ་འདོན་ལས་དོན་གཏིང་ཟབ་སྤེལ་བས་གྲོང་ཁྱེར་ནས་གྲོང་གསེབ་དང་སློབ་གྲྭ་ནས་སྨན་ཁང་བར་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས།

    སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོའི་ཚེ་གཡང་གི་ཁྱིམ་དུ་འོད་ཤུགས་དྲོད་རླངས་ལྕགས་ལེབ་བསྒར་བས་ཧ་ཅང་དྲོ་པོ་ཡོད་པ་རེད། དྲོད་ལེན་སྟངས་ལ་འགྱུར་ལྡོག་ཕྱིན་པར་བརྟེན་ཚེ་གཡང་གིས་བོད་བཟོའི་ཉལ་ཁྲི་རྙིང་པ་དེ་དོར་ནས་བཀོག་སྟེ་ཉལ་ཁྲི་ཆེན་པོ་ཞིག་བརྗེས། “འོད་ཤུགས་དྲོད་རླངས་མཁོ་འདོན་བྱས་རྗེས་ང་ཚོ་གྲོང་མིས་འགྲོ་གྲོན་གང་ཡང་གཏོང་མི་དགོས་པར་དྲོད་ལེན་ཐུབ་པས་ཧ་ཅང་ཡག་པོ་འདུག”ཅེས་ཚེ་གཡང་གིས་བཤད།

    2023ལོའི་ཟླ་7པར། ཉི་མ་ཤང་གིས“ཐཱན་མེད”མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ཞིང་། རྣམ་གྲངས་དེས“འོད་ཤུགས+དྲོད་རླངས་མཁོ་འདོན”གྱི་འཁོར་རྒྱུག་བྱེད་ཐབས་སྤྱད་པས། འབྲོག་པ་མང་ཚོགས་ཀྱིས་གློག་ཤུགས་རང་མཁོ་རང་སྤྱོད་ཐུབ་ནས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཡག་པོ་བྱུང་ཡོད།

    ལག་རྩལ་གསར་པ་སྤྱད་པ་ལས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཞིང་། ཧྲང་ཧའེ་གྲོང་ཁྱེར་གྱི་དགུན་དུས་ཆུ་མཁོ་འདོན་འགན་ལེན་ལག་རྩལ་ཞིག་གིས་མཐོ་གྲང་ས་ཁུལ་དུ་རང་འབབ་ཆུ་ཀ་ལ་འཁྲིད་པར་རམ་འདེགས་བྱེད་འགོ་ཚུགས། མིག་སྔར་ལག་རྩལ་ཚོད་ལྟའི་རྣམ་གྲངས་དེ་ས་བབ་མཐོ་ཚད་སྨི་4500དང་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་16℃ཟིན་པའི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་མང་ཚོགས་དུད་ཚང་16གི་ཁྱིམ་དུ་དོན་འཁྱོལ་ཐུབ་ནས། དགུན་དུས་མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད།

    ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཡོད་པའི་སྙན་རོང་རྫོང་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཕུགས་རེའི་སློབ་ཆུང་གི་ཤེལ་ཁང་དྲོད་གཏོང་བར་ཁྱམས་སུ་མེ་ཏོག་དང་རྩི་ཤིང་གི་ཡལ་འདབ་རབ་ཏུ་རྒྱས། “ཁང་པའི་ཕྱི་རོལ་དུ་གྲང་མོ་ཡོད་མོད། འོན་ཀྱང་ཁང་པའི་ནང་ཧ་ཅང་དྲོ་པོ་ཡོད་པས་ང་ཚོས་གྱོན་གོས་སྲབ་མོ་གྱོན་ནས་སློབ་སྦྱོང་དང་བྱེད་སྒོ་སྤེལ་ཆོག”ཅེས་སློབ་མ་ཚེ་རིང་བཀྲ་ཤིས་ཀྱིས་བཤད། 2021ལོར་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་མ་དངུལ་སྒོར་ཁྲི་725བཏང་ནས་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་གསོ་རླུང་མཁོ་འདོན་གྱི་དབུགས་སྐྱིའི་སྤོ་ལོ་ཁང་ཐོག་མ་བསྐྲུན་པ་དེས་ཕྲུ་གུས་ས་མཐོར་ལུས་རྩལ་རྩེད་སྐབས་གསོ་རླུང་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། མ་དངུལ་སྒོར་ཁྲི་800བཏང་ནས་བསྐྲུན་པའི་ཉི་འོད་དྲོད་ཁང་རྣམ་གྲངས་ཀྱིས་དགུན་དུས་ས་མཐོར་ལྷགས་པ་ཆེན་པོ་རྒྱག་པ་དང་གནམ་གཤིས་གྲང་མོ་བསྟན་སྐབས་ཕྲུ་གུ་ཚོ་སློབ་གསེང་བྱེད་སྒོ་སྤེལ་ཐབས་བྲལ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    ནག་ཆུ་གྲོང་ཁྱེར་གྱི་ས་བབ་མཐོ་བའི་སློབ་གྲྭའི་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། འདི་ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་4500ཡན་གྱི་སློབ་གྲྭ་191ལ་དྲོད་རླངས་མཁོ་འདོན་བྱེད་པར་མ་དངུལ་སྒོར་དུང་ཕྱུར་2.06ལྷག་ཙམ་དུས་ཐོག་ཏུ་གཤམ་སྤྲོད་བྱས་ནས། ཉི་ནུས་ལ་བརྟེན་ནས་དྲོད་རླངས་མཁོ་འདོན་དང་དྲོད་གཏོང་བར་ཁྱམས་རྣམ་གྲངས་ལག་བསྟར་བྱས་པ་རེད། མིག་སྔའི་བར། ཉི་ནུས+ནུས་གསོག་རྣམ་པའི་གློག་དྲོད་ཡོ་ཆས་རྣམ་གྲངས་བསྐྲུན་ཟིན་ནས་བེད་སྤྱོད་བྱེད་འགོ་ཚུགས་ཡོད། ཉི་ནུས་+གློག་གིས་རམ་འདེགས་དང་ཉི་ནུས+མཁའ་རླུང་ནུས་རྒྱུའི་ཚ་ཕུམ་དང་དྲོད་གཏོང་བར་ཁྱམས་རྣམ་གྲངས་བསྐྲུན་ཟིན་ནས་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། ཉི་ནུས+གློག་ཐོར་་རྣམ་གྲངས་ཀྱི་སྒྲིག་ཆས་ཉོ་སྒྲུབ་ཟིན་ནས་སྒྱུར་བཀོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་གྱི་འདི་ལོའི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་དོན་ཟླ་10ཚེས་15ཉིན་ནས་འགོ་ཚུགས་པས་སྤྱིའི་དྲོད་རླངས་མཁོ་འདོན་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་ཡོད།

    རིག་ལྡན་སྐྱེ་ཁམས་ཀྱི་རྩེར་སོན་གྲོང་ཁྱེར་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ལ་གཞིགས་ནས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ནག་ཆུ་གྲོང་ཁྱེར་ཚ་ཁུངས་བཟོ་གྲྭས་ནུས་རྒྱུ་གཙང་མ་གསར་སྤེལ་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མིག་སྔར་བོད་ལྗོངས་ཅིན་ཧང་ཀུང་སི་དང་གྲོས་མཐུན་བཞག་ནས་ས་འོག་ཚ་ནུས་གསར་སྤེལ་གྱི་དྲོད་རླངས་མཁོ་འདོན་བྱས་པས་ཟླ་11པའི་ཟླ་མཇུག་ཏུ་སྨི་ངོས་གྲུ་ཁྲི་80ཡི་དྲོད་རླངས་མཁོ་འདོན་གྱི་དགོས་མཁོ་ཐག་གཅོད་ཐུབ་པ་དང་ཆབས་ཅིག ཅང་སུའུ་ཧྲེང་ཧྲི་ནུས་རྒྱུ་གྲོན་ཆུང་ཀུང་སི་དང་མཉམ་ལས་བྱས་ནས་ས་ཁུངས་ཀྱི་ཚ་ཕུམ་ལག་རྩལ་སྤྱད་དེ་ལོ་འདིའི་ནང་སྨི་ངོས་གྲུ་ཁྲི་80ཡི་དྲོད་རླངས་མཁོ་འདོན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།