དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་དྲོད་གཏོང་རྣམ་གྲངས་དུད་ཚང་སྟོང་ལ་ཁྱབ། གྲོང་མིའི་སྐྱིད་སྣང་བདེ་སྣང་ཆེས་ཆེར་འཕེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-22

    2019ལོའི་ལོ་མཇུག་ནས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་ཉི་ནུས་གཅིག་སྡུད་དྲོད་གཏོང་ལས་གྲྭ་སྤྱོད་འགོ་བཙུགས་ཚུན། འབྲོང་པ་རྫོང་སློབ་འབྲིང་གི་སློབ་ཁང་དུ་ཚ་སོབ་སོབ་ཡོད་པས་སློབ་ཁང་གི་དྲོད་ཚད་20℃ལྷག་ཙམ་ཟིན་གྱི་ཡོད།

    འབྲོང་པ་རྫོང་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ངོས་སུ་གནས་པ་དང་རྫོང་གྲོང་གི་ས་བབ་མཐོ་ཚད་སྨི་4772ཟིན་པ་དང་། དགུན་དུས་སུ་གྲང་ངར་ཆེ་བའི་ཁར་ཉིན་མོ་དང་མཚན་མོའི་དྲོད་ཚད་ཧེ་བག་ཆེ་བས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་40℃ལ་སླེབས་ཀྱི་ཡོད། “སྔོན་མ་ཉལ་ཁང་དང་སློབ་ཁང་དུ་ལྕགས་ཐབ་འཛུགས་བདེ་པོ་མེད་པས། སློབ་མ་ཚོ་དགུན་དུས་སྲིང་བལ་གྱི་གྱོན་ཆས་དང་ཕྱུ་པ་པགས་ཚགས་གྱོན་དགོས་ཀྱི་ཡོད”འབྲོང་པ་རྫོང་སློབ་འབྲིང་ཆབ་སྲིད་སློབ་དོན་ཁྲུའི་ཀྲུའུ་རེན་ཚེ་དབང་རིག་འཛིན་གྱིས“གཅིག་སྡུད་ཐོག་དྲོད་བཏང་བ་ནས་དགེ་རྒན་དང་སློབ་མ་ཚོ་སློབ་ཁང་དུ་གྱོན་ཆས་མཐུག་པོ་གྱོན་མི་དགོས་པས་ཐོབ་སྣང་དང་སྐྱིད་སྣང་དེ་བས་ཆེ་རུ་ཕྱིན་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་དུ་མིག་སྔར་མངོན་འགྱུར་བྱུང་བའི“ལོ་དེ་རང་དུ་སྐྲུན་པ་དང་ལོ་དེ་རང་དུ་དྲོད་གཏོང་བའི”ཉི་ནུས་གཅིག་སྡུད་དྲོད་གཏོང་རྣམ་གྲངས་ཆེ་གྲས་འབའ་ཞིག་ཡིན་པའི་འབྲོང་པ་རྫོང་ཉི་ནུས་གཅིག་སྡུད་དྲོད་གཏོང་རྣམ་གྲངས་ཀྱི་ཇུས་འགོད་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10.36ཟིན་པར་འབྲོང་པ་རྫོང་གི་རྫོང་སྲིད་གཞུང་དང་། ལས་ཁུངས་བྱ་གཞག་ཚན་པ། སྨན་ཁང་། སློབ་གྲྭ རྒན་གསོ་ཁང་། ལས་བྱེད་ལས་བཟོའི་ལས་ཤག་སོགས་ཀྱི་མི་2000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རྣམ་གྲངས་དེས་འབྲོང་པ་རྫོང་ལ་དྭངས་གཙང་དང་། སྦགས་བཙོག་མེད་པ། འགྲོ་གྲོན་ཉུང་བ་བཅས་ཀྱི་དྲོད་གཏོང་ཇུས་གཞི་བཏོན་པར་བརྟེན་འབྲོང་པ་རྫོང་གྲོང་གི་གྲོང་མིའི་གཞི་རྩའི་འཚོ་བའི་ཆ་རྐྱེན་དང་གཞུང་ལས་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ཡོད།

    འབྲོང་པ་རྫོང་ཉི་ནུས་གཅིག་སྡུད་དྲོད་གཏོང་ཉམས་བཟོ་ས་ཚིགས་ཀྱི་ཀྲན་ཀྲང་ལིའུ་ཤང་ཡིང་གིས་རྣམ་གྲངས་དེས“ཉི་ནུས་དྲོད་གཏོང་འཕྲུལ་ཆས+དྲོད་གསོག་ལྕགས་མདོང+སྣུམ་སྤྱོད་ཁྲོ་ཐབ”བཅས་ཀྱི་ནུས་རྒྱུ་གཙང་མར་བརྟེན་ནས་དྲོད་གཏོང་གི་ཡོད། དྲོད་གཏོང་བའི་དུས་ཚོད་ལོ་ལྟར་གྱི་ཟླ་10པའི་ཟླ་འགོ་ནས་ལོ་རྗེས་མའི་ཟླ་5པ་བར་རེད། ཉེ་བའི་ལོ་ཤས་རིང་། འབྲོང་པ་རྫོང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དྲོད་གཏོང་བའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་11.5ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།