མངའ་རིས་ས་ཁུལ་གྱིས་སྒྲིག་ཆས་ཉམས་བཟོ་བྱེད་ཤུགས་ཆེ་རུ་བཏང་ནས་དྲོད་རླངས་མཁོ་འདོན་གྱི་སྤུས་ ཚད་འགན་ལེན་བྱས་པ།
དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་འགན་ལེན་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་གྱི་གྲོང་ཁྱེར་མ་འཇོག་ཚ་གློག་ཐོན་འབྲེལ་གཅིག་སྡུད་དྲོད་རླངས་མཁོ་འདོན་ཚད་ཡོད་ཀུང་སིས་དྲོད་རླངས་མཁོ་འདོན་བྱས་ཚུན། ས་ཁོངས་ཁག་གི་མཇུག་སྣེའི་དྲོད་ལེན་མ་ལག་ཉམས་བཟོ་དང་མྱུར་བཟོའི་འབྲེལ་ཡོད་ལས་དོན་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10པར་དྲོད་རླངས་མཁོ་འདོན་བྱས་ཚུན། ཀུང་སི་དེས་དྲོད་རླངས་མཁོ་འདོན་ཉམས་བཟོའི་ལས་དོན་འགན་ལེན་ནུས་ལྡན་བྱས་ཏེ་དྲོད་རླངས་མཁོ་འདོན་མ་ལག་ཉམས་བཟོ་དང་ཐག་གཅོད་བྱེད་དགོས་པའི་ཚན་པ་དང་ཁྱིམ་དུད་ལ་དུས་ཐོག་ཏུ་འབྲེལ་བ་བྱས་པ་དང་ཆབས་ཅིག མདོང་ལམ་ནས་ཆུ་འཛག་པ་དང་། མདོང་ལམ་གས་པ། དྲོད་རླངས་ཚ་པོ་མེད་པ་སོགས་ཀྱི་དྲོད་རླངས་མཁོ་འདོན་མ་ལག་གི་གནད་དོན་ཐག་གཅོད་ཧར་ཐག་བྱས་པ་རེད། ཐག་གཅོད་བྱེད་རིང་། ལས་མིས་དྲོད་རླངས་མཁོ་འདོན་མ་ལག་གི་གནད་དོན་གྲལ་བཤེར་ཞིབ་ཚགས་དང་། ལས་བགོས་རོགས་རེས་ལུགས་མཐུན། དྲོད་རླངས་མཁོ་འདོན་གནད་དོན་ཐག་གཅོད་ནུས་ལྡན་བཅས་བྱས་པ་དང་འབྲེལ། ཁྱིམ་དུད་དང་སྤེལ་རེས་ཡག་པོ་བྱས་ཏེ་མངོན་མེད་རྐྱེན་ངན་གསལ་བཤད་ཞིབ་ཕྲ་བྱས་པ་རེད།
དྲོད་རླངས་མཁོ་འདོན་མ་ལག་ཉམས་བཟོ་་བྱས་རྗེས། ལས་དོན་པས་ཉམས་བཟོའི་ས་ཁོངས་སུ་གཙང་སྦྲ་ཡག་པོ་བྱས་པ་དང་། ཕྱི་སྦྲེལ་དྲ་བ་མྱུར་བཟོ་ལས་མིས་ད་དུང་རང་སོ་སོའི་ས་ཁོངས་ཀྱི་ཉམས་བཟོ་ཞིབ་བཤེར་ཟིན་ཐོ་བརྒྱབ་ནས་ཉམས་བཟོ་ཚན་པ་དང་དུད་ཚང་ནས་ད་ཐེངས་ཀྱི་ཉམས་བཟོའི་ལས་དོན་ལ་གདེང་འཇོག་བྱེད་དུ་བཅུག་པ་དང་འབྲེལ། བློ་ཡིད་ཚིམ་ཚད་ཀྱི་བརྟག་དཔྱད་རེའུ་མིག་རྒྱོང་བའི་ལས་དོན་ཡག་པོ་བསྒྲུབས་པ་རེད།