དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཁང་དམར་རྫོང་དུ་དགུན་ཁའི་ཚོང་འདུས་འཁྲུག་ཆ་དོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  སྐལ་བཟང་དཔལ་འབྱོར། འཇིགས་མེད་རྡོ་རྗེ།   |     སྤེལ་དུས།  2023-12-21

    ཉིན་འགའི་རིང་། ཁུ་སིམ་པའི་ཁང་དམར་རྫོང་གྲོང་དེ་མི་ཚོགས་ཀྱིས་ཁེངས་པ་དང་ཁྲོམ་གཞུང་དུ་ཁྲོམ་བཀྱག་སྣ་ཚོགས་བསྒྲིགས་ཏེ་དུས་རྒྱུན་དང་མི་འདྲ་བའི་འཁྲུག་ཆ་དོད།

    ཁང་དམར་རྫོང་ནི་བོད་ཀྱི་གཞིས་རྩེ་གྲོང་ཁྱེར་ཁོངས་སུ་ཡོད་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཡན་ཟིན་པའི་ས་མ་འབྲོག་གི་ས་ཁུལ་ཞིག་རེད། ཉེ་ཆར། ཁང་དམར་རྫོང་གིས་དགུན་ཁའི་ཚོང་འདུས་གཉེར་ནས་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་སྡུད་མངོན་པར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁྲུག་ཏུ་བཏང་བ་རེད།

    ཁང་དམར་རྫོང་གྲོང་གི་ཁྲོམ་གཞུང་གཙོ་བོའི་གཡས་གཡོན་དུ་གུར་དཀར་པོ་ཕུབ་པའི་ནང་དངོས་ཟོག་སྣ་ཚོགས་ཀྱིས་ཁེངས་པ་དང་། ཚོང་དུད་ཀྱིས་རང་རང་གི་དངོས་ཟོག་ངོ་སྤྲོད་བྱེད་པའི་འབོད་སྒྲ་དང་གོང་འགྲིག་པའི་སྐད་སྒྲ་བར་མི་ཆད་པར་ཐོས་རྒྱུ་ཡོད། ཁང་དམར་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་པ་དོན་གྱིས། ད་རེས་ཀྱི་དགུན་ཁའི་ཚོང་འདུས་ལ་འགྲེམས་གནས་270དང་གུར་70ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། མཉམ་ལས་ཁང་དང་སྒེར་གཉེར་ཚོང་དུད་248ཞུགས་ཡོད་ཅེས་བཤད།

    བཞོན་འཕྲེང་ཤང་གི་ཞིང་འབྲོག་ཐོན་རྫས་བྲིན་ཚོང་ས་ཚིགས་ཀྱི་མདུན་དུ་ཚགས་ཤ་དང་། ལུག་ཤ མར་སོགས་ཞིང་འབྲོག་ལས་ཀྱི་ཐོན་རྫས་སྒྲིག་གཤོམ་བྱས་ཡོད་པ་དང་། སྦྱིན་བདག་གིས་རང་རང་གི་ཐོན་རྫས་བྲིན་པོ་ཡོང་བར་སྐད་འབོད་ཟམ་མི་ཆད་པར་བྱེད་བཞིན་ཡོད། བཞོན་འཕྲེང་ཤང་གི་ཤང་ཀྲང་བུ་དར་རྒྱས་ཀྱིས། ང་ཚོའི་ཤང་གི་ཚགས་ཤ་དང་ལུག་ཤར་བྲོ་བ་དམིགས་བསལ་ཞིག་ཡོད་པས་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ད་རེས་ཀྱི་དགུན་ཁའི་ཚོང་འདུས་ལ་བཞོན་འཕྲེང་ཤང་གིས་འབྲི་གཡག་མགོ་གྲངས་20ལྷག་ཙམ་གྱི་ཤའི་ཐོན་རྫས་བཙོངས་པར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ཁང་དམར་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པའི་ཁར་འབྲི་གཡག་དཔལ་འབྱོར་མཉམ་ལས་ཁང་སྟོབས་ཆེར་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ཀྱི་སྲིད་ཇུས་ཁ་གསབ་དོན་འཁྱོལ་ཡོང་བ། “གྲགས་ཅན་དང་། དམིགས་བསལ། སྤུས་ལེགས། གསར་པ”བཅས་ཀྱི་འབྲི་གཡག་ཐོན་རྫས་ཀྱི་གྲགས་རྟགས་གཏོད་པ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ནས་འབྲི་གཡག་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ཞིང་། ཁང་དམར་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ལྷུན་གྲུབ་ཀྱིས། 2023ལོར་རང་ཅུས་ཀྱིས་རྫོང་ཡོངས་ཀྱི་འབྲི་གཡག་དཔལ་འབྱོར་མཉམ་ལས་ཁང་8ལ་འདེགས་སྐྱོར་མ་དངུལ་སྒོར་ཁྲི་100དོན་འཁྱོལ་བྱས་ནས་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ཀྱི་སྲིད་ཇུས་ཁ་གསབ་དངུལ་སྒོར་ཁྲི་63.65སྤྲད་ཡོད་ཅེས་བཤད།

    ཚོང་འདུས་ལ་ཞིང་འབྲོག་ལས་ཀྱི་ཐོན་རྫས་ཕུད། ད་དུང་ཁྱད་ལྡན་ཐོན་རྫས་ཁག་གཅིག་ཀྱང་བཏོན་ཡོད། དཔེར་ན། ཁང་དམར་གྲོང་རྡལ་གྱི་ནས་ཀྱི་ཨ་རག་དཀར་པོ་དང་། ཉིང་རུ་སྨད་ཤང་ནས་ཐོན་པའི་འདྲེ་ཚེར་མ་ལྟ་བུ་རེད། ས་གནས་ཀྱི་མང་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚོང་ཟོག་དེ་དག་ལ་སྐུ་མགྲོན་གྱིས་ཧ་ཅང་དགའ་པོ་བྱེད་ལ། ནས་ཀྱི་ཨ་རག་དཀར་པོ་དེ་ལྷོ་ཁ་དང་ལྷ་ས་སོགས་ལ་བཙོངས་པར་ལོར་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་པ་མ་ཟད། འདྲེ་ཚེར་མ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་རེད།

    ཁྲོམ་གཞུག་ཏུ་སླེབས་སྐབས། གསར་འགོད་པས་འགྲེམས་ཚོང་བྱ་ཡུལ་ཆེན་པོ་ཞིག་མཐོང་ཞིང་དེ་གར། ཧ་ལམ་ཤང་དང་གྲོང་རྡལ་ནས་འཚོང་བའི་ཚོང་ཟོག་ཡོད་དོ་ཅོག་འདུས་འདུག དེ་ནི་ཁང་དམར་རྫོང་གྲོང་གསེབ་དར་རྒྱས་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་འབྲེལ་གཏུག་ལྟེ་གནས་ཀྱི་འགྲེམས་ཚོང་ས་ཚིགས་ཡིན་པ་དང་། དེས་རིན་པ་མི་དགོས་པར་ཞིང་དུད་དང་མཉམ་ལས་ཁང་གི་ཐོན་རྫས་ཚབ་འཚོང་བྱེད་ཀྱི་འདུག

    2022ལོར་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་རྫས་འཚོང་བའི་དཀའ་ངལ་སེལ་ཆེད། ཁང་དམར་རྫོང་གིས་བྲིན་ཚོང་འབྲེལ་གཏུག་ལྟེ་གནས་བཙུགས་ཤིང་། མིག་སྔར་ཚོང་ཁང་གཉིས་ཡོད་པ་ལས་གཅིག་ནི་ཁང་དམར་རྫོང་གྲོང་དུ་ཡོད་པ་དང་། གཅིག་ཤོས་དེ་ལྷ་ས་གྲོང་ཁྱེར་བར་སྐོར་གྱི་ཉེ་འགྲམ་དུ་ཡོད་པ་རེད། བྲིན་ཚོང་འབྲེལ་གཏུག་ལྟེ་གནས་ཀྱི་འགན་འཁུར་བས། ང་ཚོའི་ཚོགས་པས་ཐད་ཚོང་ཁང་ནས་ཐོན་རྫས་འཚོང་བ་མ་ཟད། དྲ་ཐོག་ཐད་ཚོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྲོམ་ར་རྒྱ་བསྐྱེད་ཡོད། མིག་སྔར་རྫོང་ཡོངས་ཀྱི་ཞིང་དུད་དང་མཉམ་ལས་ཁང་40ལྷག་ཙམ་ལ་ཐོན་རྫས་ཚབ་འཚོང་བྱེད་རོགས་བྱས་པར་ཡོང་འབབ་སྒོར་ཁྲི་500ཙམ་བྱུང་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།